༧གོང་ས་མཆོག་གིས་མི་ཚེ་འདིར་ང་ཚོར་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་བྱུང་ཡོད་དུས། ཚེ་རབས་ནས་ཚེ་རབས་བར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་ཐུབ་མཁན་དང་གཞན་ཕན་སྒྲུབ་མཁན་ཞིག་བྱེད་དགོས་ཞེས་གསུངས་འདུག
དེ་རིང་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་བཞུགས་སྒར་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གི་སྨན་སློབ་ལས་བྱེད་ཁག་ཅིག་ལ་བཀའ་སློབ་བསྩལ་ཡོད་འདུག་པ་དང་། སྐབས་དེར་༧གོང་ས་མཆོག་གིས། ནུབ་ཕྱོགས་པའི་སྨན་གྱིས་ཕྱི་གཟུགས་པོ་མ་གཏོགས་ནང་བསམ་བློར་འབྲེལ་བ་མེད་པ་རེད། རིན་ཆེན་རཏྣ་བསམ་འཕེལ་ཆ་བཞག་ན་སེམས་ཞི་བདེ་ཡོང་བ་དང་སྨན་མང་སྦྱོར་ལྟ་བུར་མཚོན་ན་སེམས་པ་ལྷོད་ལྷོད་བྱེད་ཐུབ་ཀྱི་ཡོད། བོད་སྨན་གྱིས་འབྱུང་བ་འཁྲུག་ཡོད་པར་ཆ་སྙོམས་པོ་བཟོ་བ་དང་། འབྱུང་བ་གང་ཞིག་འཁུམས་ཡོད་པར་གསོ་བྱེད་ཐུན་མོང་མ་ཡིན་པ་རེད། ཕྱི་ལུགས་སྨན་ཡུན་རིང་བར་བཟོས་ཀྱང་མ་ཕན་པར་བོད་སྨན་གྱི་ཕན་ཐོགས་ཡོང་གི་འདུག ལྷག་པར་དུ་རླུང་གི་ན་ཚ་ཡོད་པར་བོད་སྨན་ཡག་པོ་ཞེ་དྲགས་རེད། ངོས་ཀྱིས་ཀྱང་བོད་སྨན་རྟག་ཏུ་ཟ་བཞིན་ཡོད། དེ་ནི་བོད་སྨན་གྱི་ཁྱད་ཆོས་གཅིག་རེད། ངོས་ཀྱིས་ངོ་ཤེས་པ་ཁ་ཤས་ཀྱིས་སྨན་པ་ག་གེ་མོ་ཞིག་སྨན་ལ་མཁས་ཀྱང་། སེམས་པ་བཟང་པོ་ཡོད་པ་མ་རེད་ཟེར་གྱི་འདུག སྨན་པ་ག་གེ་མོ་ཞིག་སྨན་ལ་མཁས་པ་ཞེ་དྲགས་མེད་ཀྱང་། སེམས་བཟང་པོ་ཡོད་པས་མི་གཞན་པར་ཕན་ཐོགས་ཆེ་བ་འདུག་ཟེར། དེ་གཏན་ཏན་ཡོད་ས་རེད། སེམས་པ་བཟང་པོ་བྱས་ན་སོ་སོའི་དོན་དག་ཡིན་ཡང་། སེམས་ཞི་བདེའི་ཡོད་པའི་དབང་གིས་ལུས་བདེ་བོ་འབྱུང་བ་དང་། གཞན་དོན་ལ་ཆ་བཞག་ན་མི་གཞན་ལ་ཁོང་ཁྲོ་བསྟན་པ་དང་། ཕྲག་དོག་བྱེད་རྒྱུ་ཕལ་ཆེར་ཡོང་གི་མ་རེད། རང་དོན་སྒྲུབ་པར་བྱང་ཆུབ་ཀྱི་སེམས་སྒོམ་དགོས་ལ། གཞན་དོན་སྒྲུབ་པ་ཡང་བྱང་ཆུབ་ཀྱི་སེམས་སྒོམ་དགོས།
བྱང་ཆུབ་ཀྱི་སེམས་དགོས་པ་དེ་ཞེ་དྲག་ཡག་པོ་རེད། རང་གཞན་གཉིས་ཀྱི་དོན་སྒྲུབ་པར་བྱང་ཆུབ་སྒོམ་དགོས་པ་རེད། རང་དོན་ལ་སེམས་ཀྱི་ཞི་བདེ་བཟོ་ཡོང་དུས། ལུས་ཀྱི་སྡོད་སྟངས་ལའང་ཕན་ཡོང་གི་ཡོད་ཀྱང་། སེམས་མ་སྐྱིད་པར་བསྡད་ཚེ་གཉིད་ཀྱང་ཡག་པོ་མ་ཁུགས་པ་ཡོང་གི་ཡོད། སེམས་ཀྱི་ཞི་བདེའི་ཡོད་ཚེ་ལུས་ཀྱི་འབྱུང་བ་སྙོམས་པོ་ལྷོད་ལྷོད་ཤིག་ཤིག་ངང་བསྡད་ཐུབ་ཀྱི་ཡོད། ངོས་རང་ལ་ཆ་བཞག་ན་བྱང་ཆུབ་ཀྱི་ཉིན་ལྟར་སྒོམ་གྱི་ཡོད། དགོང་མོ་ཉལ་བ་དང་གཉིད་ཁུག་ནས་ཆུ་ཚོད་དགུ་འཇམ་ཐིང་ངེར་རེད། ཉལ་བའི་སྐབས་སུ་ཁོང་ཁྲོ་དང་། ཕྲག་དོག་ལངས་བ་ཁྱོན་ནས་མ་བྱེད། ངའི་མི་ཚེ་འདིའི་གཞན་ཕན་ཇི་ཙམ་བྱེད་ཐུབ་པར་བྱེད་པའི་བསམ་བློ་ཐོག་ནས་གཉིད་ཚེ། གཉིད་ཁུག་པར་སླ་བོ་ཡོད་ཅིང་། རྨི་ལམ་འཁྲུག་བསྡད་པ་དེ་འདྲ་ཕལ་ཆེར་ཡོང་གི་མ་རེད། སེམས་ལ་ང་རྒྱལ་དང་། ཁོང་ཁྲོ། ཕྲག་དོག་ཤུགས་ཆེན་པོ་སྐྱེས་བསྡད་པ་ཡིན་ན། རྨི་ལམ་ཡང་འཁྲུག་བསྡད་པ་དེ་འདྲ་ཡོང་གི་རེད། གང་ལྟར། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།། སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་གྲུབ་པར་ཤོག། སེམས་སྐྱིད་པོ་བྱས་ནས་སྡོད་ཨཱ། སེམས་སྐྱིད་པོ་ནི་བོད་ཀྱི་རིག་གཞུང་རེད། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་པ་འདྲ་མིན་ཡོད་ཀྱང་། སོ་སོའི་བཀོད་སྤྱོད་འདྲ་མིན་ཡོད་པ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་རྗེ་ལྷ་མཆོག་ཡིན་དུས། དམིགས་བསལ་གྱི་སེམས་བཟང་པོ་བྱེད་པ་འདུག ང་ཚོ་བོད་པ་འཕགས་པ་སྤྱན་རས་གཟིགས་ལ་དམིགས་བསལ་གྱི་ལས་འབྲས་ཡོད་བསྡད་པ་རེད། ངོས་ལ་རྒྱལ་བ་རིན་པོ་ཆེའི་མིང་ཐོགས་ཡོད་དུས། ངོས་སྤྱི་གཙུག་ལ་འཕགས་པ་སྤྱན་རས་གཟིགས་བྲལ་མེད་གནས་བསྡད་པ་རེད། ངོས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་དུས་ནད་པ་དང་། སེམས་འཁྲུག་བསྡད་ཡོད་པར་བྱིན་རླབས་གནང་རོགས་གནང་། འཕགས་པ་སྤྱན་རས་གཟིགས་ཀྱིས་མཁྱེན་པར་གསོལ་བ་འདེབས་པ་དང་། གངས་ཅན་པ་ཚོ་རང་བཞིན་གྱི་སེམས་པ་བཟང་པོ་འདུག འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་བྱ་ཡི་མི་ཡིན་དུས། ངོས་ལ་མོས་པ་ཡོད་མཁན་ཚོས་སེམས་པ་བཟང་པོ་བྱས་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་སུ་རྗེས་སུ་འཛིན་རྒྱུ་ཐག་ཆོད་ཀྱི་རེད། མི་ཚེ་འདིར་ང་ཚོར་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་བྱུང་བ་རེད། ཚེ་རབས་ནས་ཚེ་རབས་བར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་ཐུབ་མཁན་དང་གཞན་ཕན་སྒྲུབ་མཁན་ཞིག་བྱེད་དགོས། ཞེས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།