༧གོང་ས་མཆོག་གིས་རྐྱེན་ངན་ཅི་བྱུང་ཡང་བྱམས་བརྩེའི་སྒོ་ནས་ཉམས་ལེན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས།
དེ་རིང་ཕྱི་ཚེས་ ༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་
ཡང་མགོན་པོ་གང་ཉིད་མཆོད་གིས་ཊུར་ཀི་ནས་ཕེབས་པའི་མི་མང་ཁག་ཅིག་ལ་བཀའ་སློབ་བསྩལ་སྐབས། སྐྱོ་གདུང་ཆེ་བའི་གནས་སྟངས་ཚང་མ་བྱམས་བརྩེ་དང་ཆོད་སེམས་ཀྱི་ནང་དུ་འཐིམས་སུ་འཇུག་དགོས། རྒྱ་ནག་གི་དབང་བསྒྱུར་འོག་ཏུ་མི་མང་པོར་སྡུག་རྩུབ་མནར་གཅོད་གཏོང་བཞིན་ཡོད་ཀྱང་། དེས་རྒྱ་ནག་མི་མང་ལ་བྱམས་བརྩེ་དང་སེམས་འཁུར་གྱི་འདུ་ཤེས་གོང་འཕེལ་གཏོང་བར་ཕན་ཐོགས་བྱུང་ཞིང་། རྐྱེན་ངན་དང་ཁོང་ཁྲོ་སོགས་ཀྱི་དབང་དུ་མ་སོང་བར་ངོས་རང་ཉིད་ཀྱི་བྱམས་བརྩེའི་སྒོ་ནས་ཉམས་ལེན་བྱས་པ་ཡིན། ཞེས་གསུངས།
དེ་བཞིན་༧གོང་ས་མཆོག་གི་བོད་མི་ཁག་ཅིག་བཀའ་སློབ་བསྩལ་སྐབས། ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བའི་སྐབས་སུ་ཉམས་དམའ་བོ་བྱུང་། དེང་སང་བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས་དོ་སྣང་གསར་བ་ཞིག་སླེབས་བསྡད་ཡོད། ངོས་ཀྱི་མིང་ཏཱ་ལའི་བླ་མ་ཟེར་དུས་ག་ས་གང་ནས་དོ་སྣང་བྱེད་བསྡད་པ་ཞིག་ཆགས་འདུག ང་ཚོའི་བོད་པའི་རིག་གཞུང་རྒྱ་ཆེན་པོ་དང་གཏིང་ཟབ་ཡོད་བསྡད་དུས། བོད་ཀྱི་ཆོས་དང་རིག་གཞུང་ལ་མཐོང་ཆེ་ནས་ཆེ་རུ་འགྲོ་བཞིན་འདུག ཁྱེད་ཚོའི་སེམས་ནང་དུ་ང་བོད་པ་ཡིན་ཟེར་དུས་སྤོབས་པ་བྱེད་དགོས་རེད། ཤེས་སོང་ངམ། བོད་པ་ཡིན་པའི་རྟགས་མཚན་སེམས་པ་བཟང་པོ་དགོས་པ་རེད། སེམས་བཟང་པོ་ཡོད་པའི་ཐོག་ཏུ་དཔལ་ནལེནྡྲ་ནས་བརྒྱུད་ཡོང་བའི་ནང་ཆོས་ལ་ཏོག་ཙམ་དོ་སྣང་དང་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན། དངོས་གནས་དྲང་གནས་འཛམ་གླིང་དུ་ང་ཚོའི་སྤོབས་པ་སྐྱེ་ཆོག་པ་ཞིག་རེད། སེམས་སྐྱིད་པ་བྱས་ན་སྡོད་དང་། ངོས་ཀྱིས་བོད་པར་དབུ་ཁྲིད་ནས་སྡོད་ཀྱི་ཡོད་རེད་ལ། ཕལ་ཆེར་ད་དུང་ངོས་རང་ལོ་བཅོ་ལྔ་ཉི་ཤུ་ལྷག་སྡོད་ཀྱི་རེད། ཁྱེད་ཚོ་བོད་པ་ཡིན་བསམ་པའི་སྤོབས་པ་སྐྱེ་ནས་བསྡད་དགོས་པ་དང་། བསམ་པ་བཟང་པོའི་མི་ཞིག་བྱེད་དགོས། བོད་པ་ཡིན་ཟེར་དུས་བསམ་པ་ངན་པ་ཞིག་ལ་བརྩི་མི་དགོས་པ་བྱེད་དགོས་རེད་ལ། ཁ་ན་བགད་མོ་བགད་རྒྱུ་ཡོད་པ་དང་། སེམས་པ་བཟང་པོ་ཡོད་པའི་མི་ཞིག་བྱེད་དགོས། ཞེས་གསུངས།
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་ངོས་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མུ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། པན་ཆ་མ་རི་གཏན་སློབ་དང་ལག་ཤེས་བཟོ་གྲྭ་གཉིས་ཀྱི་ལས་སློབ་ཟུར་པ་བཅས་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།