བཀའ་ཤག་སྐབས་བཅུ་དྲུག་པའི་བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་ཕུགས་དམིགས་ཡིག་ཆ་དབུ་འབྱེད་གནང་སོང་།
དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་གྱི་སྟེང་སྲིད་སྐྱོང་ཚོགས་ཁང་དུ། བཀའ་ཤག་སྐབས་བཅུ་དྲུག་པའི་བོད་ཀྱི་མ་འོངས་འགན་སྲུང་ ༼ཕུགས་དམིགས་ཡིག་ཆ།༽ ཞེས་པ་དབུ་འབྱེད་གནང་བའི་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་པའི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམས་ཀྱི་གཙོས་སྲི་ཞུའི་ལས་བྱེད་བཅས་འཛོམས་པའི་ཐོག་དྲ་ལམ་བརྒྱུད་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྐུ་ཚབ་དོན་གཅོད་དང་ས་གནས་མགོ་འཛིན་རྣམས་ནས་མཉམ་ཞུགས་གནང་འདུག་པ་དང་། དེ་བཞིན་ཨ་རིའི་རོགས་ཚོགས་ཀྱི་རྒྱ་གར་གྱི་འགན་འཛིན་(Veena Reddy) ལགས་ཀྱི་གཙོས་འགན་འཛིན་གཞོན་པ་སྐུ་ཞབས་པཱོ་ནམ་ལགས་དང་དམིགས་བསལ་བོད་མི་སྐྱབས་བཅོལ་བའི་ལས་དོན་ལྟ་རྟོག་གནང་མཁན་རཱ་ཇ་ར་ནེ་ལགས། བོད་ཀྱི་ཐེབས་རྩའི་མགོ་ལས་ཡོངས་བཅས་འཛོམས་འདུག་ལ། མཛད་སྒོའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་འཁྲིད་པའི་བཀའ་ཤག་གིས། བོད་ཀྱི་མ་འོངས་འགན་སྲུང་། ཕུགས་དམིགས་ཡིག་ཆ་ཞེས་བོད་དབྱིན་གཉིས་ཀྱི་སྐད་ཡིག་ལྡན་ཞིང་ཤོག་ངོས་ ༤༣ ཅན་གྱི་དེབ་ཅིག་དབུ་འབྱེད་གནང་སོང་།
ཐེངས་འདིའི་སྐབས་བཅུ་དྲུག་པའི་བཀའ་ཤག་གིས་སྣེ་འཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་དེབ་དེ་ནི། ཕྱི་ལོ་ ༢༠༢༡ ནས་ ༢༠༢༦ བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་ཞིང་། གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། ད་ལྟའི་རྒྱ་ནག་གི་དྲག་གནོན་འོག་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེན་བཟོ་མུས་ཡིན་པ་འཕྲལ་མྱུར་སྲུང་སྐྱོབ་བྱེད་ཐབས་སོགས་ལ་དམིགས་པ་ཞིག་ཡིན་པ་ལྟར། སྐབས་དེར་མཛད་སྒོའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། འདས་པའི་ལོ་གཉིས་རིང་ང་ཚོས་བསྐྱར་ཞིབ་བྱས་པའི་དེབ་འདི་ནི་སྲི་ཞུའི་ལས་བྱེད་པ་ཡོངས་ནས་སློབ་སྦྱོང་བྱས་ཏེ་ལག་བསྟར་བྱེད་དགོས་པའི་ལམ་སྟོན་ནམ་ཡིག་ཆ་ཞིག་ཆགས་ཀྱི་ཡོད། ང་ཚོ་དེ་རིང་འཛོམས་དགོས་པའི་རྒྱུ་མཚན་ཡང་ད་ལྟའི་བཀའ་ཤག་གི་ལངས་ཕྱོགས་དང་འཆར་གཞི། ལས་གཞི་སོགས་ཀྱི་ཐོག་གླེང་སློང་བྱེད་ཆེད་ཡིན། རྒྱུ་མཚན་ནི། སྲི་ཞུའི་ལས་བྱེད་པ་རྣམས་ནི་སྲི་ཞུའི་ལམ་ནས་འཆར་གཞི་འདི་དག་ཐད་ཀར་ལག་བསྟར་བྱེད་མཁན་ཡིན་སྟབས། ང་ཚོ་ལུས་སེམས་ཀྱི་ཐོག་ནས་མདུན་པ་གཅིག་གི་ཐོག་ཡོད་དགོས་པ་གལ་ཆེན་ཡིན། ངས་གྲོས་ཚོགས་ནང་ཞུས་པ་ལྟར། ད་ལྟའི་འཛིན་སྐྱོང་འདིའི་དུས་ཡིན་རིང་ཁྲིམས་སྒྲིག་ཁག་གཞིར་བཞག་སྟེ་ཕྱོགས་གང་ཅིའི་ཐད་ནས་ཕྱི་གསལ་ནང་གསལ་གྱི་ལས་དོན་གཟེངས་སུ་ཐོན་པ་ཞིག་བསྒྲུབས་པར་འབད་པ་བྱེད་དགོས། ཞེས་དང་། དེབ་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་བཞུགས་པའི་སྲི་ཞུའི་ལས་བྱེད་པ་ཡོངས་ནས་མགོ་འཚོས་པ་དང་ལྟ་ཀློག་བྱས་ཏེ་ནུས་པ་མཉམ་སྤུངས་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཡང་ཞུས་སོང་།
དེབ་དེ་དང་འབྲེལ་ནས་ལག་བསྟར་བྱེད་སྒོ་སྙིང་བསྡུས་ཤིག་བཀོད་པའི་ནང་། ང་ཚོས་བོད་མི་མང་གི་ངོ་ཚབ་མཚོན་པ་བྱ་རྒྱུ་དང་། མ་འོངས་བོད་ཀྱི་གནས་བབས་འགན་སྲུང་བྱེད་དགོས་པའི་ལས་འགན་ནི་སྔར་དང་མི་འདྲ་བར་ཛ་དྲག་དང་གནད་ཆེན་ཆགས་ཡོད། རྒྱ་ནག་སྲིད་གཞུང་གིས་གདུག་རྩུབ་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་བོད་མིའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། ང་ཚོའི་བྱིས་པ་རྣམས་བཙན་ཤུགས་ཀྱི་སྒོ་ནས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་བུ་བཅོལ་ཁང་དང་། གཏན་སྡོད་སློབ་གྲྭར་བཅུག་སྟེ་སློབ་ཚན་རྣམས་བོད་སྐད་ཀྱིས་སློབ་ཁྲིད་བཀག་སྡོམ་བྱས་ཡོད་པ་དང་། ང་ཚོའི་དགོན་སྡེ་ཁག་ཏུ་རྒྱ་གཞུང་གིས་སྟངས་འཛིན་བྱེད་ཤུགས་ཉིན་རེ་བཞིན་ཇེ་དམ་སོང་བ་མ་ཟད། ཡང་སྲིད་ངོས་འཛིན་གྱི་སྲོལ་རྒྱུན་ཡང་ཆབ་སྲིད་ཀྱི་ངོ་བོར་སྒྱུར་བཞིན་ཡོད། རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་ལ་བསྙད་དེ། གྲོང་གསེབ་རིམ་པ་བར་དུ་འཛིན་སྐྱོང་གི་སྒྲིག་འཛུགས་བརྟན་འཛུགས་ཐོག གཏན་འཇགས་བཅའ་སྡོད་ལས་དོན་རུ་ཁག་ཆེད་རྫོང་གིས་སྟངས་འཛིན་ཡོད་མུས་མ་ཟད། ད་དུང་དེང་རབས་བཅོས་མའི་རིག་ནུས་དང་དྲ་མིག་ཅན་སོགས་ཀྱི་དོ་དམ་ལ་བརྟེན་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་ཉིན་མཚན་ཀུན་ཏུ་ལྟ་སྲུང་ནན་པོ་བྱེད་བཞིན་འདུག
ད་ལྟའི་ཆར་ས་ཁམས་ཆབ་སྲིད་དང་རྒྱལ་སྤྱིའི་གནས་སྟངས། དེ་བཞིན་ཏོག་དབྱིབས་གཉན་རིམས་རྗེས་དང་། ཡུཀ་རེན་གྱི་དཀའ་རྙོག་སོགས་དང་བསྟུན་ཁྱོན་ཡོངས་ནས་འགྱུར་བ་མངོན་གསལ་འགྲོ་བཞིན་པ་དང་། ལྷག་པར་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དབར་གདོང་ཐུག་ཐར་ཐོར་རིམ་འཕར་འབྱུང་བཞིན་པའི་འོག བོད་འདི་ཆགས་རབས་དང་ལོ་རྒྱུས་གནས་བབ་ཐོག་ནས་རྒྱ་དཀར་ནག་གཉིས་ཀྱི་བར་ཆོད་ས་ཁུལ་ཞིག་ཡིན་པས། ཐབས་བྱུས་ཀྱི་གོ་གནས་སྔར་ལས་ཀྱང་གལ་གནད་ཇེ་ཆེར་སོང་ཡོད། བོད་མཐོ་སྒང་གི་འཁྱགས་རོམ་དང་འཁྱགས་སའི་གྲངས་འབོར་དང་རྒྱ་ཁྱོན་ཆེ་བ་མ་ཟད། བོད་ཀྱི་སྲིད་པའི་གངས་རི་གྲགས་ཅན་ཁག་ནས་འབབ་པའི་ཆུ་ཀླུང་རྣམས་ཀྱིས་རྒྱལ་ཁབ་བཅུ་ཕྲག་གི་མི་འབོར་ས་ཡ་ཉི་ཤུ་ཙམ་ལ་ཆུའི་ཐོན་ཁུངས་མཁོ་སྤྲོད་བྱེད་བཞིན་ཡོད་པས། ཨེ་ཤི་ཡའི་ཆུ་མཛོད་དང་། འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་སྲོལ་ཡོད། ང་ཚོའེ་མི་མང་ལ་སྡུག་སྦྱོང་མནར་གཅོད་ཅི་ཙམ་བཏང་ན་ཡང་། བོད་མི་རྣམས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་། འཚེ་མེད་ཞི་བ། བྱམས་བརྩེ་ལ་དད་འདུན་གཡོ་བ་མེད་པར་འཚོ་གནས་བྱེད་ཐུབ་ཀྱི་ཡོད་པ་དེས། ཉེན་ཁའི་ནང་དུ་ལྷུང་སྐབས་ཀྱི་འཛམ་གླིང་འདིར་སེམས་ཤུགས་བསྐྱེད་གཞི་ཞིག་ཡིན། བོད་མིའི་སྒྲིག་འཛུགས་ལ་གཞི་རྩའི་ལས་འགན་གཉིས་ཡོད་པ་སྟེ། བོད་མི་དང་ང་ཚོའི་མཐུན་གྲོགས་སྐུལ་སློང་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བརྒྱུད་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་ཡོང་ཐབས་དང་། རྒྱུན་གནས་ཐུབ་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན། ལས་འགན་འདི་གཉིས་ཀྱིས་ང་ཚོའི་རྩ་དོན་འཐབ་རྩོད་སྐུལ་འདེད་དང་། མི་རིགས་ཀྱི་ངོ་བོ་འཚོ་གནས་ཁེག་ཐེག་ལ་ཕན་ཐོགས་ཡོང་ངེས།
ང་ཚོའེ་ཆབ་སྲིད་ཀྱི་ལས་དོན་གཙོ་བོ་ནི། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འོག་ནས་རྒྱ་ནག་གཞུང་དང་བོད་རྒྱ་འབྲེལ་མོལ བསྐྱར་གསོ་བརྒྱུད། བོད་རྒྱ་གཉིས་ཕན་དང་རྒྱུན་གནས་ཐུབ་པའི་ཐབས་ལམ་བཙལ་ཏེ་བོད་རྒྱའི་རྩོད་རྙོག་གཙང་སེལ་ཡོང་རྒྱུ་དེ་ཡིན། སྲིད་བྱུས་འདིས། བོད་འདི་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་ཀྱི་གནས་བབས་དང་། ད་ལྟའི་ཆར་རྒྱ་ནག་སྲིད་གཞུང་གིས་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་བཙན་བཟུང་བྱས་ཡོད་པའི་གནས་སྟངས་གཉིས་བར་མཐའ་གཉིས་སུ་མ་ལྷུང་བའི་དཀའ་སེལ་གྱི་དབུ་མའི་ཐབས་ལམ་ཞིག་བསྟན་ཡོད། ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་མ་ཐོབ་བར་དུ། སོསོའི་ངོ་བོ་སྲུང་སྐྱོབ་ཆེད་རྒྱུན་གནས་ཐུབ་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་ཐུབ་དགོས། ཡིན་ནའང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་འདུ་གནས་ཁག་འཐོར་འགྲེམས་ཇེ་ཆེར་འགྲི་་བཞིན་པ་དེས་རུབ་སྡོད་ཀྱི་གནས་སྟངས་རྒྱུན་འཁྱོངས་ལ་ཉེན་ཚབས་འབྱུང་བཞིན་ཡོད། འདས་པའི་ལོ་ངོ་བཅུའི་ནང་བོད་མིའི་སློབ་ཕྲུག་གི་གྲངས་འབོར་ཕྱེད་ཀ་ལྷག་ཉུང་དུ་ཕྱིན་འདུག །ང་ཚོས་བོད་མིའི་འདུ་གནས་ཁག་ཏུ་གཞིས་སྐལ་མ་ཐོབ་པའི་བོད་མི་རྣམས་ལ་སྡོད་ཁང་གསར་པ་བཀོད་སྒྲིག་གིས་འཐོར་འགྲེམས་ཟིན་པའི་མི་འབོར་ཁ་གསབ་བརྒྱུད། དཔལ་འབྱོར་གྱི་གོ་སྐབས་དང་འཚོ་གནས་ཀྱི་གོ་སྐབས་འདྲ་མཉམ་བསྐྲུན་པའི་ཐོག །གཞིས་ཆགས་སྲ་བརྟན་ཡུན་གནས་དང་། ང་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོ་གཅེས་ཉར་ཐུབ་པའི་འཆར་སྒྲིག་བྱེད་བཞིན་ཡོད།
ང་ཚོས་བཙན་བྱོལ་སྤྱི་ཚོ་གས་ཀྱི་སློབ་གྲྭ་ཁག་དགོས་མཁོ་དང་ལག་ལེན་བསྟར་རུང་གི་ཆ་རྐྱེན་ཁག་ལ་བསྟུན་ནས་རིམ་པས་ཟླ་བསྒྲིལ་གྱིས་བོད་མིའི་ཤེས་ཡོན་ཡར་རྒྱས་དང་། ནུབ་ཕྱོགས་སུ་ཁ་འཐོར་བོད་མི་རྣམས་ཀྱི་གཟའ་མཇུག་སློབ་གྲྭ་ཁག་ལ་རྒྱབ་སྐྱོར་ཐོག །བོད་མིའི་འདུ་གནས་གཞིས་སྒར་གསར་འཛུགས་དང་། དེར་དམིགས་བསལ་སློབ་གྲྭ་འཛུགས་ཐུབ་མིན་ལ་ཞིབ་འཇུག་གིས་དགོས་ངེས་མཐུན་རྐྱེན་སྦྱོར་ཐབས་བྱ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱིས་ང་ཚོའི་དགོན་སྡེ་ཁག་རྒྱུན་མཐུད་ཡར་རྒྱས་ཡོང་བར་མཐུན་སྦྱོར་བྱ་རྒྱུ་ཡིན་ཞིང་། དགོན་སྡེ་དེ་དག་གིས་ང་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོ་སྟེ། སྐད་ཡིག་དང་། རིག་གཞུང་། ཆོས་ལུགས། འཚོ་བ་སྐྱེལ་སྟངས་བཅས་སྲུང་སྐྱོབ་དང་བདག་ཉར་གང་ཅིའི་ཐད་གནད་འགག་ཆེ་བའི་ནུས་པ་འདོན་བཞིན་ཡོད། ང་ཚོས་ལས་དོན་མཐའ་དག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མི་མང་གི་མངོན་འདོད་གཞི་རྩར་བཟུང་སྟེ་སྤེལ་དགོས་ཀྱི་ཡོད། རྒྱ་ནག་གཞུང་གིེས་ཐབས་བྱུས་སྣ་ཚོགས་བརྒྱུད་ང་ཚོའི་སྤྱི་ཚོགས་ནང་བདེན་པ་མིན་པའི་གནས་ཚུལ་ཅི་རིགས་སྤེལ་ཏེ་མཐུན་སྒྲིལ་གཏོར་བཤིག་གཏོང་ཐབས་བྱེད་བཞིན་ཡོད་ནའང་། ང་ཚོས་གྲོས་ཚོགས་དང་མང་ཚོགས་ལ་འགན་ཁུར་བའི་ཐོག་ནས་འཛིན་སྐྱོང་གི་ལས་དོན་བྱེད་སྒོ་ཡོངས་རྫོགས་ཁྲིམས་མཐུན་དང་། ཕྱི་གསལ་ནང་གསལ། གྲུབ་འབྲས་ལྡན་པ་ཡོང་རྒྱུ་གཙིགས་འཛིན་བྱེད་བཞིན་ཡོད་པས། བོད་མི་རྣམས་སྤྱང་གྲུང་དོད་པོའི་སྒོ་ནས་བདེན་རྫུན་སྤང་བླངས་མ་འཛོལ་བར་སོ་སོའི་ནུས་པ་སྤྱི་དོན་སྤུངས་པའི་དུས་སྐབས་གནད་འགག་ཅན་ཞིག་ཏུ་སླེབས་ཡོད།
ད་ལྟའི་གནས་སྟངས་གཞི་ལ་བཞག་སྟེ། འཛིན་སྐྱོང་ངོས་ནས་བོད་རྒྱའི་རྩོད་རྙོག་སེལ་བའི་ཐབས་བྱུས་གནད་དོན་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་མཐུད་ཐོག་འབད་བརྩོན་སྔར་ལྷག་བྱེད་བཞིན་པ་ཡིན། དེ་ཡང་རྒྱ་ནག་གི་འཁྱོག་བཤད་ལ་རྒོལ་ལན་སློག་པ་དང་དུས་མཚུངས་སུ། བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཀྱི་གནས་བབ་རྒྱལ་སྤྱིའི་སྟེང་ངོ་སྤྲོད་བྱས་ཏེ། བོད་ཀྱི་གནད་དོན་ནི་ད་དུང་བསལ་མེད་པའི་དཀའ་རྙོག་ཅིག་ལ་ངོས་འཛིན་ཡོང་ཐབས་བརྒྱུད། དབུ་མའི་ལམ་གྱི་སྲིད་བྱུས་ལ་གྲུབ་འབྲས་སྨིན་རེ་འཛིན་གྱི་ཡོད། དེར་བརྟེན། ང་ཚོས་བོད་པའི་གཞོན་སྐྱེས་ཚོར་ནུས་རྩལ་འདོན་སྤེལ་གྱི་གོ་སྐབས་བསྐྲུན་ཏེ་དམིགས་ཡུལ་འདི་དག་སྒྲུབ་ཐབས་བྱེད་ཀྱི་ཡོད། གནས་ཚུལ་ཁག་འཁོན་ཐོགས་མེད་པ་ཡོང་ཆེད། འཛིན་སྐྱོང་ལས་ཁུངས་ཁག་ནས་གནས་ཚུལ་འཛིན་སྐྱོང་ལམ་ལུགས་ཀྱི་བྱེད་སྒོ་ཁག་ཚགས་ཚུད་བྱས་ཏེ། ས་གནས་སོ་སོའི་ཞུ་གཏུག་ལས་འགུལ་བར་གནས་ཚུལ་དང་ཡིག་ཆ་རྣམས་དུས་ཐོག་མཁོ་སྤྲོད་བྱེད་ཐུབ་པ་བྱ་རྒྱུ་ཡིན། ཕུགས་དམིགས་འདི་དག་མངོན་འགྱུར་བྱེད་པ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། མིའི་ནུས་པ་གོང་སྤེལ་བཏང་ཐོག ། དེང་རབས་དང་མཐུན་པའི་གློག་རྡུལ་བརྒྱུད་འཛིན་སྐྱོང་ལ་བརྟེན་ནས་འབྲེལ་ཐོགས་ཚང་མར་འབྲེལ་མཐུད་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ། ། ཞེས་འཁོད་འདུག
དེབ་ཀྱི་དཀར་ཆག་ནང་བོད་ཀྱི་གལ་གནད་སྐོར་ལ་ས་ཁམས་ཆབ་སྲིད་དང་། ཆོས་དང་རིག་གཞུང་། བོད་ཀྱི་ཁོར་ཡུག་སོགས་ཀྱི་སྐོར་གླེང་སློང་གནང་འདུག་པ་མ་ཟད། དེའི་འཕྲོས་སུ་དེབ་དེར་དཀར་ཆག་ལེའུ་གསུམ་འདུག་པའི་ནང་དང་པོར། བོད་དོན་བདེན་མཐའ་གསལ་ཐབས་དང་དབུ་མའི་ལམ། ལེའུ་གཉིས་པར་བཙན་བྱོལ་བོད་མིའི་ཚོགས་སྤྱི་ཚོགས་བདེ་དོན། ལེའུ་གསུམ་པར་བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་སྤེལ་བཅས་རེད་འདུག་ལ། མཇུག་ཏུ་གཞེན་སྐུལ་དོན་ཚན་ལྔ་ཅན་ཞིག་བཅས་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།