དེ་རིང་སྔ་དྲོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་ལམ་ཌུ་རུ་སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ཚུལ་བསྟན་ཡོད་འདུག
དེ་རིང་སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་ཀྱི་དྲ་རྒྱར་སྤེལ་བའི་གསལ་བསྒྲགས་ལྟར་ན། ཉིན་ཤས་རིང་སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་བལ་ཡུལ་གྱི་བཙུམ་ཡུལ་དུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་པ་སྐྱོང་མུས་ཡིན་ཡང་། རིན་པོ་ཆེ་མཆོག་ལ་གློ་བུར་དུ་རི་མཐོའི་མཁའ་དབུགས་ཀྱིས་རྐྱེན་བྱས་ནས་ (altitude sickness) ནད་ཚ་ཕོག་སྟབས། དེ་རིང་ཞོགས་པར་ཛ་དྲག་གི་ཐོག་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་ལམ་ཌུ་རུ་སྨན་བཅོས་སླད་ཕེབས་ཏེ། སྨན་པ་ཀ་རོའུ་ན་( Karuna) ལགས་ཀྱིས་སྨན་བཅོས་བྱེད་ཐབས་ལན་མང་བྱས་ཀྱང་། དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀ་ཙམ་ལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་ཌུ་རུ་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་བསྟན་ཏེ་ཐུགས་དམ་དུ་བཞུགས་ཡོད་འདུག
རིན་པོ་ཁོང་གི་ཆོས་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ལྟར་ན། ད་ལྟ་རིན་པོ་ཆེ་མཆོག་ཐུགས་དམ་དུ་བཞུགས་ཡོད་པ་དང་བསྟུན། ཁོང་གི་དགེ་ཕྲུག་དང་ཀོ་པན་དགོན་པའི་འདུ་མང་ཡོངས་ཀྱིས་བལ་ཡུལ་ཀོ་པན་དགོན་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་མུས་ཡིན་སྐོར་དང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཁོང་གི་དགེ་ཕྲུག་དང་དད་ལྡན་མང་ཚོགས་ཡོངས་ཀྱིས་ཐུགས་སྨོན་གནང་དགོས་པའི་ཁར། རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་མདུན་སྐྱོད་དང་ཤར་སྐྱོད་བྱ་རྒྱུ་རེ་བ་གནང་གི་འདུག
སྐྱབས་རྗེ་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༤༦ ལོར་བལ་བོད་མཐའ་མཚམས་ཤར་ཁུམ་བུའི་ཁུལ་དུ་སྐུ་འཁྲུངས། བྱིས་པ་ཆུང་ངུའི་དུས་ནས་སྦྱིན་པ་གཏོང་བ་ལྟ་བུ་སོགས་རྣམ་དཀར་དགེ་བའི་ལས་ལ་རང་བཞིན་གྱིས་སྤྲོ་བ་ཆེ་བ་སོགས་ཕལ་བའི་སྤྱོད་ཚུལ་ལས་འདས་པའི་རྟགས་མཚན་མང་དུ་མངོན་པར་བརྟེན། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སོགས་བླ་མ་ལྔ་ཡིས་གསང་སྔགས་རྙིང་མ་པའི་རྣལ་འབྱོར་པ་ཀུན་བཟང་ཡེ་ཤེས་ཞུ་བ་ཡོངས་གྲགས་སུ་ལཱུའུ་རྡོ་བླ་མ་ཞེས་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཅིང་། དགུང་ལོ་བདུན་ཙམ་ནས་འབྲི་ཀློག་སོགས་ཡོན་ཏན་སྦྱོང་བའི་དབུ་ཚུགས། དགུང་ལོ་ ༩ ལ་གྲོ་མོ་དུང་དཀར་དགོན་དུ་ཕེབས་ནས་གྲོ་མོ་དགེ་བཤེས་རིན་པོ་ཆེའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་ལོ་གསུམ་ལྷག་དེ་ཕྱོགས་སུ་བཞུགས ཕྱི་ལོ་༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་བཞུགས་ཤིང་། གཞུང་ཆེན་སློབ་གཉེར་དང་ཉམས་ལེན་ཡ་མ་བྲལ་བ་གནང་། སློབ་གཉེར་གྱི་ཞོར་ལ་དབྱིན་སྐད་ཀྱང་བྱང་ཆུབ་པར་སྦྱངས། ཕྱི་ལོ་ ༡༩༦༧ ལོར་སྐྱབས་རྗེ་བླ་མ་ཐུབ་བསྟན་ཡེ་ཤེས་དང་ལྷན་དུ་བལ་ཡུལ་དུ་ཕེབས་ནས་དཔལ་འོག་མིན་བྱང་ཆུབ་ཆོས་གླིང་ངམ་ཀོ་པན་དགོན་པ་དང་། བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་ཕྱག་བཏབ་པ་སོགས་བསྟན་པའི་གཞི་མ་འཛུགས་པར་མཛད། ཕྱི་ལོ་ ༡༩༧༡ ལོར་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཡོད་པ་མ་ཟད། བྱེས་ཀྱི་གདན་ས་ཆེན་པོ་སེ་རའི་འདུ་མང་ཡོངས་ཀྱི་བཞེས་ལག་གི་སྦྱིན་བདག་མཛད་དེ། མཛད་པ་རྒྱ་ཆེན་བསྐྱངས་ཡོད་འདུག
གསར་འགོད་པ། དཔལ་ལྡན།