བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཉིན་གྲངས་ ༩ རིང་གི་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་སིམ་ལ་དང་མན་ཌི། ཀང་ར་རྫོང་ཁོངས་བཅས་སུ་ཡོད་པའི་བོད་མིའི་གཞིས་ཆགས་དང་ཁ་འཐོར་ས་གནས་ཁག་ནང་གཞུང་འབྲེལ་གཟིགས་སྐོར་ལེགས་པར་གྲུབ་འདུག
དེ་རིང་སྔ་དྲོར་བོད་མིའི་སྒྲིག་
ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། མཚོ་པདྨ་ཅན་གྱི་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པར་གནས་གཟིགས་གནང་རྗེས། ས་གནས་འབྲེལ་མཐུད་པའི་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་། མི་མང་སྤྱི་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། དེ་བཞིན་རིམ་གྱིས་གནས་མཆོག་མཚོ་པདྨར་གནས་གཟིགས་དང་། མཚོ་པདྨ་དབུ་རྩེ་རི་ཁྲོད་དང་། གུ་རུའི་སྐུ། འཛི་སྒར་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་དགོན་པ། ཟངས་མདོག་དཔལ་རི། ཨོ་རྒྱན་ཧེ་རུ་ཀའི་རྙིང་དགོན་བཅས་སུ་རིམ་པས་གནས་གཟིགས་སུ་ཕེབས་ཡོད་འདུག
ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཚོ་པདྨ་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་གཙོ་བོ་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་གཞི་སྤྱིའི་སྐོར་དང་། ལྷག་པར་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གནང་གི་ཡོད་པ། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གསར་འཛུགས་གནང་བ། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་པ། བོད་པའི་གཞོན་སྐྱེས་རྣམས་རྒྱ་གར་གྱི་གྲོང་ཁྱེར་དང་ཕྱི་རྒྱལ་ཁག་ཏུ་བསྐྱོད་དང་སྐྱོད་བཞིན་པར་བརྟེན་གཞིས་ཆགས་སྲ་བརྟན་ཡོང་བར་ཐུགས་འཚབ་ཡོད་པ། སྡོད་ཁང་མེད་མཁན་རྣམས་ཀྱི་གྲངས་ཐོ་བསྡུ་རུབ་དང་ཞིབ་འཇུག་གནང་སྟེ་དཀའ་ངལ་སེལ་ཐབས་གནང་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་སྲིད་སྐྱོང་མཆོག་སྤོན་ཌོ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ། སྤོན་ཌོ་བཀྲ་ཤིས་གླིང་བྱང་ཆུབ་ལྷ་ཁང་དུ་མཆོད་མཇལ་དང་། ས་གནས་མགོ་འཛིན་ལས་ཁུངས། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་བཅས་ལ་འཚམས་གཟིགས་གནང་རྗེས་ས་གནས་མང་ཚོགས་ལ་གསུང་བཤད་གནང་། ཉིན་རྒྱབ་སྤོན་ཌོ་བཀྲ་ཤིས་གླིང་ནས་མན་ཌིར་ཕེབས་ཐོན་གྱིས་ས་གནས་བོད་མིའི་ཁྲོམ་ས་དང་། མན་ཌི་ཁུལ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་ལ་འཚམས་གཟིགས་གནང་ཡོད་འདུག
ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀུ་ལུ་གཡུ་ལོ་བཀོད་བོད་མིའི་གཞིས་ཆགས་དང་བྷུན་ཏར་ཕུན་ཚོགས་རབ་བརྟན་གླིང་བོད་མིའི་གཞིས་སྒར་དུ་འཚམས་གཟིགས་གནང་རྗེས་འབྲུག་བདེ་ཆེན་ཆོས་འཁོར་གླིང་དང་། དཔལ་སྤུངས་ཡེ་ཤེས་རབ་རྒྱས་གླིང་བཙུན་དགོན་དུ་གནས་གཟིགས་གནང་། དེའི་རྗེས་པ་ཀུལ་བོད་ཁྱིམ་ཚོགས་ཁང་དུ་ཀུ་ལུ་རྫོང་ཁོངས་ཀྱི་གཞིས་མི་རྣམས་ལ་གསུང་བཤད་གནང་། སྐབས་དེར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་ཀྱི་ཡོད་སྟབས། བོད་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་སྐོར་སློབ་སྦྱོང་ངེས་པར་དུ་གནང་སྟེ་རྒྱལ་སྤྱིའི་སྟེང་བོད་ཀྱི་ལོ་རྒྱུས་སྐོར་འགྲེལ་བཤད་རྒྱག་དགོས་པའི་གལ་གནད་དང་། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་། བོད་མིའི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་།
ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སིམ་ལ་ཁུལ་གྱི་གཟིགས་སྐོར་གྲུབ་པ་དང་དགོང་དྲོར་ཀུ་ལུ་དཔལ་རབ་གླིང་རྫོང་ཁོངས་ཀྱི་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་རྡོ་སྦིར་ས་གནས་དགོན་པར་གནས་གཟིགས་དང་ཀུ་ལུ་མ་ན་ལི་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་ཤག་གསར་པ་དབུ་འབྱེད་གནང་རྗེས། ས་གནས་མགོ་ལས་ཁུངས་དང་། ས་འཐུས་ཀྱི་ཚོགས་ཁང་། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་ལས་ཁུངས་ཁག ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ཀྱི་ནང་གཟིགས་སྐོར་གནང་། ཉིན་རྒྱབ་འོན་མངའ་རིས་དགོན་པར་གནས་གཟིགས་དང་ཡན་ལག་སྨན་རྩིས་ཁང་དུ་གཟིགས་སྐོར་གནང་རྗེས། མ་ན་ལི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དང་། ས་སྐྱ་ཨེ་ཝམ་བཤད་སྒྲུབ་ཆོས་འཁོར་གླིང་དགོན་པ་དང་། མ་ན་ལི་སཾ་བྷོ་ཊ་ཉིན་སློབ་ཏུ་གཟིགས་སྐོར་གནང་སྟེ། སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།