རྒྱ་གར་གྱི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ཀི་རན་རི་ཇི་ཇུ་མཆོག་གོ་ལའི་ཚན་རིག་སྡེ་ཁག་གི་བློན་ཆེན་དུ་བསྐོ་བཞག་གནང་སྟེ་ཁོང་གི་ཚབ་ཏུ་སྐུ་ཞབས་ཨར་ཇུན་རམ་མེག་ཝལ་(Arjun Ram Meghwal)མཆོག་བསྐོ་བཞག་གནང་འདུག
དེ་རིང་རྒྱ་གར་ཁྲིམས་དོན་བློན་ཆེན་སྐུ་ཞབས་ཀི་རན་རི་ཇི་ཇུ་(Kiren Rijiju)མཆོག་གོ་ལའི་ཚན་རིག་སྡེ་ཁག་(Earth Science)གི་བློན་ཆེན་དུ་འཕོ་འགྱུར་བཏང་སྟེ། ཁྲིམས་དོན་བློན་ཆེན་དུ་རྒྱ་གར་བཟོ་ལས་དང་སྤྱི་མང་ཚོང་ལས་ལྷན་ཁང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཨར་ཇུན་རམ་མེག་ཝལ་མཆོག་བསྐོ་བཞག་གནང་ཡོད་འདུག་ལ། བློན་ཆེན་གྱི་གོ་གནས་འཕོ་འགྱུར་དེས་རྒྱ་གར་གྱི་མི་མང་པོས་མོ་དྷི་གཞུང་ནས་ཁྲིམས་ལུགས་རིག་པ་བ་ཞིག་ཚན་རིག་བློན་ཆེན་དུ་བསྐོས་པ་ནི་འོས་འཚམ་ཞིག་མིན་ལ། བློན་ཆེན་རྣམ་པ་སོ་སོའི་ཆེད་ལས་སློབ་སྦྱོང་དང་འབྲེལ་བའི་ཕྱག་ལས་ཐོག་ནུས་པ་འདོན་དུ་བཅུག་ན་ཕན་ཐོགས་ཆེ་བ་ཡོད་སྐོར་སོགས་གླེང་སློང་བྱེད་བཞིན་འདུག
རྒྱ་གར་གཞུང་གིས་གནས་ཚུལ་དེ་ཡོངས་བསྒྲགས་གནང་རྗེས། བློན་ཆེན་ཀི་རན་མཆོག་གིས་སྐུ་སྒེར་གྱི་ཏུའུ་ཊར་དྲ་གནས་(Twitter)ཐོག སྲིད་བློན་མོ་དྷི་མཆོག་གི་ལམ་སྟོན་འོག་ཁྲིམས་ཀྱི་བློན་ཆེན་གནང་བའི་གོ་སྐབས་བྱུང་བ་ནི་སྐལ་བ་བཟང་པོ་ཞིག་ཡིན། གུས་པས་རྒྱ་གར་གྱི་བཀུར་འོས་ཁྲིམས་དཔོན་ཆེ་བ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྣམས། དེ་བཞིན་ཁྲིམས་ཞིབ་ཁང་ཆེ་བའི་ཁྲིམས་དཔོན། གཞན་ཡང་ཁྲིམས་ཁང་འོག་མ་དང་དེའི་ཁྲིམས་ཀྱི་ལས་བྱེད་ཡོད་དོ་ཅོག་གིས་རང་ནུས་གང་ལྕོག་གིས་སོ་སོའི་མི་སེར་རྣམས་ལ་དྲང་བདེན་ཡོང་ཐབས་སུ་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། གུས་པས་གོ་ལའི་ཚན་རིག་བློན་ཆེན་གྱི་འགན་འཁུར་ཞུ་ཡུན་རིང་སྲིད་བློན་མོ་དྷི་མཆོག་གི་དགོངས་གཞི་བསྒྲུབ་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན། ཞེས་གསུངས་འདུག
དེ་སྔོན་གསར་ཁང་གི་བཅར་འདྲི་ཞིག་གི་སྐབས་སུ་ཁོང་གིས་ཁྲིམས་ཞིབ་ཁང་གི་འགྲོ་ལུགས་དང་ཁྲིམས་དཔོན་བསྐོ་བཞག་ཐད་སྐྱོན་གནད་ཡོད་པའི་དགོངས་ཚུལ་བཏོན་ཡོད་པ་མ་ཟད། ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྒས་ཡོལ་བ་རྣམས་ནི་རྒྱ་གར་རྒྱལ་ཁབ་ལ་ངོ་རྒོལ་བའི་སྡེ་ཁག་ཅིག་ཆགས་ཡོད་སྐོར་གསུངས་ཡོད་འདུག
ཨར་ཇུན་རམ་མེག་ཝལ་མཆོག་ནི་རྒྱ་གར་གྱི་ར་ཇེཤ་ཐན་མངའ་སྡེ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༠༩ ལོ་ནས་ར་ཇེཤ་ཐན་མངའ་སྡེའི་ཁོངས་ནས་རྒྱ་གར་གྱི་གྲོས་ཚོགས་མའི་འཐུས་མིར་བདམ་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ནས་རྒྱ་གར་གྲོས་ཚོགས་ལས་དོན་བློན་ཆེན་གྱི་འགན་འཁུར་གནང་། ཕྱི་ལོ་ ༢༠༡༩ ནས་བཟོ་ལས་དང་སྤྱི་མང་ཚོང་ལས་ཀྱི་བློན་ཆེན་གནང་ཡོད་པ་མ་ཟད། རྒྱ་གར་གྱི་ཆུའི་ཐོན་ཁུངས་བློན་ཆེན་སོགས་གནང་ཡོད་འདུག ཁོང་ལ་ཕྱི་ལོ་ ༢༠༡༣ ལོར་གྲོས་ཚོགས་འཐུས་མི་ཕུལ་བྱུང་གི་གཟེངས་རྟགས་ཀྱང་ཐོབ་ཡོད། ཁོང་གིས་ཁྲིམས་ལུགས་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་དང་སྒྱུ་རྩལ་རིག་པར་གཙུག་ལག་རབ་འབྱམས་གནང་སྟེ། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དབུས་གཞུང་གི་སྲི་ཞུ་བའི་ལས་བྱེད་ནང་ཡིག་ཚད་བཏང་སྟེ། གཞུང་ཞབས་ཀྱི་ལས་བྱེད་ཡུན་རིང་གནང་ཡོད་འདུག
བློན་ཆེན་ཀི་རན་རི་སི་ཇུ་མཆོག་ནི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ནས་ཡིན་ཞིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཉེ་བའི་གཙུག་ལག་རབ་འབྱམས་(B.A)དང་ཁྲིམས་ལུགས་རིག་པའི་(LLB)བསླབ་པ་མཐར་སོན། ཕྱིས་སུ་རྒྱ་གར་བི་ཇེ་པི་(BJP)སྲིད་དོན་ཚོགས་པའི་འཛུལ་ཞུགས་གནང་སྟེ། ཕྱི་ལོ་ ༢༠༠༤ ལོར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མིར་བདམ་ཐོན་བྱུང་། ཕྱི་ལོ་ ༢༠༢༡ ལོར་སྲིད་བློན་མོ་དྷི་གཞུང་གིས་རྒྱ་གར་གྱི་ཁྲིམས་དོན་བློན་ཆེན་སྐབས་ ༣༤ པ་ལ་བསྐོ་བཞག་གནང་། དེའི་གོང་དུ་ཁོང་གིས་ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་དུ་ནང་སྲིད་བློན་ཆེན་(Home Affairs)དང་། ཕྱི་ལོ་ ༢༠༡༩ ནས་ ༢༠༢༡ བར་དུ་གྲངས་ཉུང་མི་རིགས་(Minority Affairs)ཀྱི་བློན་ཆེན། དེ་བཞིན་གཞོན་སྐྱེས་དང་རྩེད་རིགས་(The Youth and Sports)ཀྱི་བློན་ཆེན་སོགས་གནང་ཡོད་འདུག
གསར་འགོད་པ། ཉི་མ་ཚེ་རིང་།