རྒྱ་གར་དབུས་དངུལ་ཁང་དང་དངུལ་ལོར་སྟངས་འཛིན་ཁང་གིས་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ བར་རྒྱ་གར་གྱི་དངུལ་ལོར་ ༢༠༠༠ ཐམ་པ་དེ་དངུལ་ཁང་ནང་བཅོལ་འཇོག་གམ་བརྗེ་བསྒྱུར་བྱེད་དགོས་པའི་གསལ་བསྒྲགས་བཏང་འདུག
ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་གར་དབུས་དངུལ་ཀང་དང་དངུལ་ལོ་སྟངས་འཛིན་ཁང་(Reserve Bank of India)གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༡༦ ལོར་དངུལ་ལོར་བརྗེ་བསྒྱུར་བྱེད་སྐབས་མི་མང་ལ་བརྡབ་གསིག་མི་ཡོང་པའི་ཆེད་དུ། དངུལ་ལོར་རྙིང་པ་ ༡༠༠༠ དང་ ༥༠༠ ཐམ་པ་ཕྱིར་བསྡུ་བྱས་པའི་ཚབ་ལ་དངུལ་ལོར་ ༢༠༠༠ ཐམ་པ་བཏོན་པ་དེ་སླར་ཡང་ཕྱིར་བསྡུ་བྱ་རྒྱུ་ཡིན་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢༣ ནས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ བར་དངུལ་ལོར་ ༢༠༠༠ ཐམ་པ་རྣམས་དངུལ་ཁང་དུ་བཅོལ་འཇོག་གམ་ཡང་ན་དངུལ་ལོར་གཞན་དང་བརྗེ་ལེན་བྱེད་ཆོག ཡིན་ནའང་། བརྗེ་ལེན་ཐེངས་གཅིག་ལ་སྒོར་ ༢༠༠༠༠ ཐམ་པ་ལས་མང་བ་བྱེད་མི་ཆོག་སྐོར་དང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ རྗེས་སུ་དངུལ་ལོར་ ༢༠༠༠ ཐམ་པ་ཡོད་པ་ཙམ་གྱིས་ཁྲིམས་འགལ་ཆགས་འགྲོ་བ་དེ་འདྲའང་མིན་པར་དངུལ་ཁང་དུ་བཅོལ་ཆོག་གི་ཡོད་པ་གསལ་པོར་བཀོད་འདུག
རྒྱ་གར་དབུས་དངུལ་ཁང་དང་དངུལ་ལོར་སྟངས་འཛིན་ཁང་གིས་དངུལ་ལོར་ ༢༠༠༠ ཐམ་པ་ཕྱིར་བསྡུ་བྱེད་དགོས་པའི་རྒྱུ་མཚན་དུ་དངུལ་ལོར་ ༢༠༠༠ ཐམ་པ་དེ་ཉིད་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་མཁན་དེ་ཙམ་མེད་པ་མ་ཟད། དེ་ནི་ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ནང་དངུལ་ལོར་བརྗེ་བསྒྱུར་བྱེད་སྐབས་སྟོང་ཆ་བསྐོང་བའི་ཆེད་དུ་བཟོས་པ་ཞིག་ཡིན་སྟབས། དངུལ་ལོར་དེ་བཏོན་ནས་ད་ཆ་ལོ་ངོ་ ༥ ལྷག་འགྲོ་བཞིན་ཡོད་ལུགས་འགྲེལ་བརྗོད་གནང་འདུག་ལ། དངུལ་ལོར་ ༢༠༠༠ ཐམ་པ་ཕྱིར་བསྡུའི་ལས་དོན་དེ་ཉིད་གང་མགྱོགས་ལེགས་འགྲུབ་ཡོང་ཆེད་རྒྱ་གར་གྱི་དངུལ་ཁང་སོ་སོར་བཀའ་ཁྱབ་བཏང་སྟེ། དངུལ་ཁང་དུ་དངུལ་འདོན་པར་སླེབ་མཁན་ཚོར་ཉི་མ་དེ་རིང་ནས་དངུལ་ལོར་ ༢༠༠༠ ཐམ་པ་དེ་མ་སྤྲད་རོགས་ཞེས་ཀྱང་བརྗོད་འདུག
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཀྱི་དགོང་མོར་སྲིད་བློོན་མུ་དྷི་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་སྟེ། ཉིན་དེའི་མཚན་གུང་ནས་བཟུང་རྒྱ་གར་གྱི་དངུལ་ལོར་ལྔ་བརྒྱ་དང་སྟོང་ལོར་གཉིས་ཀྱི་འགྲོ་རྒྱུག་ཡོངས་སུ་མཚམས་འཇོག་གནང་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་མ་ཟད། ལྔ་བརྒྱ་དང་ཉིས་སྟོང་གི་ཤོག་དངུལ་གསར་པ་རྒྱལ་ཡོངས་སུ་ཁྱབ་བསྒྲགས་གནང་སྟེ། དུས་ཡུན་ཟླ་བ་གཉིས་མ་ཟིན་ཙམ་ནང་དངུལ་ལོར་ལྔ་བརྒྱ་དང་སྟོང་ལོར་རྣམས་དངུལ་ཁང་དུ་བཅོལ་འཇོག་བྱ་ཐུབ་པ་དགོས་པའི་གློ་བུར་བའི་བཀའ་རྒྱ་བསླེབས་མ་ཐག ཕྱུག་བདག་དང་ནག་ཚོང་བ་སོགས་ཨ་ཅང་ཅང་མི་མང་དཀྱུས་མ་རྣམས་ཀྱང་ཉིན་གྲངས་མང་པོར་དངུལ་ཁང་ཁག་གི་སྒོ་འགྲམ་དུ་བང་བསྒྲིགས་ཏེ། རང་གཞན་མང་པོའི་དངུལ་ལོར་ལྔ་བརྒྱ་དང་ཆིག་སྟོང་ལོར་རྣམས་དངུལ་ཁང་དུ་བཅུག་ཐབས་བྱས་ཡོད་པ་རེད། སྲིད་བློན་མུ་དྷི་མཆོག་ནས་དངུལ་ལོར་དེ་གཉིས་རྩ་མེད་བཟོ་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། རྒྱ་གར་གྱི་ཤོག་དངུལ་གྱི་འགྲོ་རྒྱུག་ཁྲོད་ལྔ་བརྒྱ་དང་སྟོང་ལོར་དེ་གཉིས་ཀྱིས་བརྒྱ་ཆ་ ༨༦% བཟུང་ཡོད་པ་རེད། གློ་བུར་བའི་དངུལ་ལོར་བརྗེ་བསྒྱུར་དེས་ཁྲིམས་འགལ་ཚོང་གཉེར་བ་དང་དངུལ་རྫུན་ཁྲོམ་རར་བཀག་སྡོམ་དང་གཏོར་རྒོལ་ཚབས་ཆེན་ཐེབས་ཡོད་པ་རེད།