ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་སྒང་ཏོག་ནས་ཏེཛ་པུར་བར་བོད་དོན་ཛ་དྲག་གླེང་སློང་དགོས་པའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་འདུག
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་བཙན་དབང་འོག་ནས་བོད་ལ་གྲོས་མཐུན་དོན་ཚན་བདུན་བཞག་སྟེ་ལོ་ངོ་ ༧༢ འཁོར་བ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟླ་གཅིག་མ་ཟིན་ཙམ་རིང་གི་བོད་དོན་ཛ་དྲག་གླེང་སློང་དགོས་པའི་གོམ་བགྲོད་ལས་འགུལ་དེ་ཏེཛ་པུར་ནས་མཛད་སྒོ་ཞིག་དང་ལྷན་དུ་གསར་འགོད་གསལ་བསྒྲགས་བསྐྱངས་རྗེས་མཇུག་སྒྲིལ་ཡོད་ཅིང་། བོད་དོན་ཛ་དྲག་གླེང་སློང་ལས་འགུལ་གྱི་འབོད་སྐུལ་དག་ནི། འདི་ལོའི་ཕྱི་ཟླ་ ༩ ནང་རྒྱ་གར་ནང་འཚོགས་གཏན་ཁེལ་བའི་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་རྒྱ་གར་སྲིད་བློན་མུ་དྷི་མཆོག་གི་དབུས་རྒྱལ་སྤྱིའི་མགོ་ཁྲིད་ཚོས། ཞི་ཅིན་ཕིན་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སྐོར་གླེང་སློང་བྱེད་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་དགོས་པ། དེ་བཞིན། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཚམས་འཇོག་དགོས་པ་དང་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་འཕྲལ་མར་གཏན་སྒོ་རྒྱག་དགོས་པ་བཅས་རེད་འདུག
བོད་ཀྱི་གཞོན་ལྷན་གྱི་བོད་དོན་གླེང་སློང་ལས་འགུལ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་སྒང་ཏོག་ནས་དབུ་འཛུགས་བྱས་ཏེ། ཁ་སང་ཕྱི་ཚེས་ ༢༣ ཉིན་ཏེཛ་པུར་ནས་མཇུག་སྒྲིལ་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་བོད་དོན་གོམ་བགྲོད་ཀྱི་དགོས་དམིགས་སྐོར་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། ང་ཚོས་གསར་འགོད་བསྒྲགས་གཏམ་ནང་བོད་ཀྱི་ཆུ་བོ་དག་གལ་ཆེན་ཡིན་པ་དང་ཨེ་ཤ་ཡའི་མི་ཐེར་འབུམ་གཉིས་ལྷག་བརྟེན་བསྡད་པའི་ཆུ་བོ་ཡིན་དུས། ད་རེས་ལས་འགུལ་སྐབས་དམིགས་བསལ་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ང་ཚོ་ཏེཛ་པུར་གྱི་ཟམ་པ་བརྒལ་སྐབས། ཡར་ཀླུང་གཙང་པོ་བཞུར་གྱིན་པའི་ཟམ་ཆེན་དེའི་སྟེང་མཐོ་ཚད་ལ་ཧྥེ་ཊི་ ༢༠ དང་རིང་ཚད་ལ་ཧྥེ་ཊི་ ༡༣༠ ཡིན་པའི་ཕྲེད་དར་འདེགས་རྒྱུ་བྱུང་། དེའི་སྟེང་གཙོ་བོ་བོད་ལ་རང་དབང་དགོས། ཡར་ཀླུང་གཙང་པོ་སྐྱོབས་རོགས་ཞེས་འབོད་ཚིག་བཀོད་ཡོད་ཅེས་བརྗོད་བྱུང་།
ཡང་དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་དེབ་སྟེང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་བ་རྣམས་ནས་ཉིན་ལྟར་དྲག་ཆར་རླུང་འཚུབ་དང་། ཉི་མའི་ཚ་གདུག་སོགས་ཀྱི་དཀའ་ངལ་ལ་མ་འཛེམས་པར་གོམ་བགྲོད་ཀྱི་ལས་འགུལ་མུ་མཐུད་སྤེལ་ཏེ་ཞབས་ལ་ཆུ་སྦུར་གྱིས་ན་ཟུག་བཟོད་བྲལ་ཆེ་ཡང་བོད་དོན་འཐབ་རྩོད་སླད་ལྷག་བསམ་དང་སྙིང་སྟོབས། སྤོབས་པ་ཆེན་པོས་མདུན་སྐྱོད་ཀྱིས་ཟླ་བ་གཅིག་མ་ཟིན་ཙམ་རིང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཏེ་མཐར་ཏེཛ་པུར་དུ་བདེ་འབྱོར་བྱུང་བ་མ་ཟད། མ་སུ་རི་གཙོས་པའི་ལོ་རྒྱུས་རང་བཞིན་ཅན་གྱི་གནད་ཡོད་ས་ཚིག་ཁག་ལ་ཆེད་སྐྱོད་ཀྱིས་བསྔོ་སྨོན་གསོལ་འདེབས་སོགས་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༢༣ ཉིན་ཏེ་རྒྱ་དམར་གྱིས་བཙན་དབང་འོག་ཏུ་གྲོས་མཐུན་དོན་བཙན་བཅུ་བདུན་བཞག་སྟེ་ལོ་ངོ་ཧྲིལ་པོ་ ༧༢ འཁོར་བའི་དུས་དྲན་དང་སྟབས་བསྟུན་གྱིས་གོམ་བགྲོད་ལས་འགུལ་གྱི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད། ཅེས་བརྗོད་འདུག་ལ། ཐེངས་འདིའི་གོམ་བགྲོད་དུ་ས་གནས་བཅུ་བདུན་ནས་ཕེབས་པའི་ལས་འགུལ་བ་ ༨༠ ལྷག་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།