རྒྱ་ནག་གཞུང་གིས་ལོ་ངོ་ ༦༥༠ ལྷག་གི་ལོ་རྒྱུས་ལྡན་པའི་ཡུན་ནན་ཐོང་ཧེ་རྫོང་ཁོངས་སུ་ཡོད་པའི་ཁ་ཆེའི་ལྷ་ཁང་ནཱ་ཇཱ་ཡེན་ཞེས་པ་གཏོར་བཤིག་གཏོང་རྩིས་བྱེད་སྐབས་མི་མང་གིས་འགོག་རྒོལ་བྱས་ཏེ་གདོང་ཐུག་ཚབས་ཆེན་བྱུང་ཡོད་པ་མ་ཟད་མི་མང་པོ་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཐོང་ཧེ་རྫོང་ཁོངས་ཀྱི་མི་ལོ་ ༦༥༠ ལྷག་གི་ལོ་རྒྱུས་ལྡན་པའི་མོ་སི་ཁོའི་བཟོ་དབྱིབས་ལྡན་པའི་ཁ་ཆེའི་ལྷ་ཁང་ནཱ་ཇཱ་ཡེན་ཞེས་པ་ཁྲིམས་འགལ་ངང་ཞིག་གསོ་བྱས་པའི་ཉེས་མིང་འོག་ས་གནས་གཞུང་གིས་གཏོར་རྩིས་བྱེད་སྐབས། ས་གནས་ཁ་ཆེ་བ་རྣམས་ཀྱིས་འགོག་རྒོལ་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་ཡོད་པ་མ་ཟད། ད་ལྟའི་ཆར་ཉེན་རྟོག་པས་ལྷ་ཁང་ཡོངས་སུ་བསྐོར་ཏེ་མི་མང་འགྲོ་སྐྱོད་དང་། ལྷག་པར་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་ལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་འདུག་ལ། ས་གནས་ཀྱི་གནས་ཚུལ་མཁོ་སྤྲོད་པས་ད་ལན་ཉུང་མཐར་མི་གྲངས་ ༣༠ ལྷག་འཛིན་བཟུང་བྱས་ཡོད་ལུགས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཡུན་ནན་ཞིང་ཆེན་ཡས་ཤི་གྲོང་ཁྱེར་ཐོང་ཧེ་རྫོང་ཁྲིམས་ཁང་དང་། ཁྲིམས་འཛིན་ཁང་། ཉེན་རྟོག་ཁང་བཅས་ཐུན་མོང་གི་བརྡ་ཁྱབ་ཅིག་བཏང་སྟེ། རྫོང་དེའི་ཁོངས་གཏོགས་ནཱ་ཀོ་གྲོང་ཚོའི་ནང་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་བཟོས་པའི་གནད་དོན་ཞིག་ཤེས་རྟོགས་བྱུང་ཡོད་སྟབས། ཕྱི་ཟླ་ ༦ ཚེས་ ༦ ནང་ཚུན་འབྲེལ་ཡོད་སྒྲིག་འཛུགས་དང་གཙོ་གཉེར་བས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་ཏེ་གནད་དོན་ཡར་ཞུ་བྱས་ཚེ། ཁྲིམས་ལྟར་ནག་ཉེས་གུ་ཡང་གཏོང་ཆོག་སྐོར་བསྒྲགས་ཡོད་པ་རེད།
དེའི་ཐད་ཁ་ཆེའི་ཆོས་ལུགས་ཀྱི་གནད་དོན་དབྱེ་ཞིབ་མ་ཅུའུ་(马聚) ལགས་ཀྱི་སྒེར་གྱི་ཊི་ཝེ་ཊར་དུ། ད་ལྟ་རྒྱ་ནག་གཞུང་གི་དྲག་རྒོལ་ཉེན་རྟོག་པས་ལས་འགུལ་དེའི་ནང་ཞུགས་པའི་མི་མང་མང་དག་ཅིག་ལ་ཉེས་རྡུང་དྲག་པོ་གཏོང་གིན་ཡོད་ཀྱང་། ཁུལ་དེར་གནས་སྡོད་རྒན་གཞོན་བར་གསུམ་གྱིས་མུ་མཐུད་དུ་ལྷ་ཁང་གཏོར་བཤིག་གཏོང་བར་འགོག་སྲུང་བྱེད་མུས་ཡིན་སྐོར་དང་། ཉིན་ལྟར་དྲག་དམག་འགྲེམས་འཇོག་བྱས་ཏེ་མི་མང་གི་འགྲོ་འདུག་སོགས་ལ་དམ་དྲག་བྱེད་ཀྱིན་ཡོད་པ་མ་ཟད། ད་བར་ཉུང་མཐར་མི་གྲངས ༣༠ ལྷག་འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག
ཝ་ཤིང་ཊོན་ཆ་འཕྲིན་( Washington post) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པར་དམག་མི་དང་མི་མང་བར་གདོང་ཐུག་དྲག་པོ་བྱུང་བའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐོན་ཏེ། རྒྱ་ནག་གཞུང་གིས་ལྷ་ཁང་གཏོར་བཅོམ་གཏོང་འཆར་ཡོད་པའི་གནད་དོན་དེ་རྒྱལ་སྤྱིར་ཁྱབ་ཡོད་སྐོར་དང་། ཁ་སང་ཕྱི་ཚེས་ ༢༩ ཉིན་ནས་རྒྱ་ནག་གཞུང་གིས་ཁུལ་དེའི་དྲ་ལམ་ཡོངས་སུ་བཅད་དེ་ཁ་པར་དང་འཕྲིན་ཐུང་སོགས་གཏོང་མི་ཐུབ་པར་གྱུར་ཡོད་སྐོར་བརྗོད་འདུག
གནད་དོན་དེ་དང་འབྲེལ་ནས་ཐོང་ཧེ་རྫོང་གི་ཉེན་རྟོག་པས། ད་ལན་གྱི་དོན་རྐྱེན་དེའི་ཁྲོད་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་བདེ་འཇགས་ལ་གནོད་འཚེ་ཆེན་པོ་བཏང་ཡོད་པས། མི་མང་རང་འགུལ་གྱིས་ལས་འགུལ་དེ་དག་གི་ཁྲོད་དུ་མཉམ་ཞུགས་བྱེད་པ་མཚམས་འཇོག་བྱ་དགོས། གལ་ཏེ་མུ་མཐུད་ཞུགས་པ་ཡིན་ན་ཉེས་པ་ཆེན་པོ་གཏང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག་ལ། སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་བརྙན་ཐུང་དེའི་ནང་། ཁ་ཆེའི་ལྷ་ཁང་དེའི་མདུན་ཐང་དུ་རྒྱ་ནག་ཉེན་རྟོག་པ་དང་མི་མང་བར་གདོང་ཐུག་བྱུང་ནས་ཕན་ཚུན་ཤུགས་ཀྱིས་འདེད་རེས་བྱེད་སྐབས། ཉེན་རྟོག་པས་མི་མང་ལ་གང་བྱུང་གློག་དབྱུག་སོགས་ཀྱིས་གཞུ་ཡི་ཡོད་པ་སོགས་མཐོང་རྒྱུ་འདུག
སྤྱིར་རྒྱ་ནག་གཞུང་གིས་ཆོས་ལུགས་དད་མོས་རང་དབང་ལ་སྔར་ལས་ལྷག་པའི་དམ་དྲག་དང་། དགོན་པ་ལྷ་ཁང་གཏོར་བ་དང་སྒོ་བརྒྱབ་པ། ནང་པ་དང་ཡི་ཤུ། ཁ་ཆེ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་སོགས་ཆོས་ལུགས་རྗེས་འབྲང་བ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། ཆོས་ལུགས་ཐལ་སྤྱོད་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད།
ད་ལྟ་རྒྱ་ནག་གཞུང་གིས་གཏོར་བཅོམ་གཏང་འཆར་ཡོད་པའི་ནཱ་ཇཱ་ཡེན་ (Najiaying) ཁ་ཆེའི་ལྷ་ཁང་དེ་ནི། ཕྱི་ལོ་ ༡༣༧༠ ཐོག་མར་ཕྱག་བཏབ་སྟེ་ད་བར་མི་ལོ ༦༥༠ ལྷག་གི་ལོ་རྒྱུས་ལྡན་ཞིང་། ད་བར་ཞིག་གསོ་ཐེངས་འགར་གནང་ཡོད་འདུག ལྷ་ཁང་དེར་ཐོག་རྩེག་ལྔ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ ༡༡༠༠༠༠ ལྷག་ཡོད་པའི་རྒྱ་ནག་ནང་ཡོད་པའི་ཁ་ཆེའི་ལྷ་ཁང་ཆེ་གྲས་དང་རྙིང་ཤོས་ཀྱི་གྲས་ཤིག་ཡིན་འདུག
གསར་འགོད་པ། དཔལ་ལྡན།