རྒྱ་གར་གྱི་མངའ་སྡེ་བྷི་ཧར་ (Bihar) གྱི་བྷ་གྷལ་པུར་གྲོང་ཁྱེར་ནང་འཛུགས་སྐྲུན་བྱེད་བཞིན་པའི་ཟམ་པ་ཆེན་པོ་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་ཐེངས་གཉིས་པ་བྱུང་ཡོད་འདུག
དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༤ ཉིན་གྱི་ཕྱི་དྲོར་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་ཁ་གྷ་རི་ཡ་ (Khagaria) རྫོང་ནང་གི་ཨ་གྷུ་ཝ་ནི་ (Aguwani) གྲོང་སྡེ་ནས་བྷ་གྷལ་པུར་ (Bhagalpur) གྲོང་ཁྱེར་བར་གྱི་སུལ་ཏན་གྷན་ཇི་ (Sultanganj) གྲོང་སྡེ་བར་གྱི་སྤྱི་ལེ་ ༤ ལྷག་ཡོད་པའི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་ཡོད་འདུག ཟམ་པ་དེ་འདས་ལོར་ལས་གཞི་འགྲུབ་ཐུབ་པའི་འཆར་གཞི་ཡོད་ཀྱང་ད་ལྟའང་ལས་མཇུག་བསྡུ་ཐུབ་མེད་པ་ཞིག་ཡིན་འདུག
རྡིབ་སྐྱོན་ཁྲོད་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་གང་ཡང་ཐོན་མེད་ཀྱང་། ཟམ་པར་རྡིབ་སྐྱོན་བྱུང་རྗེས་སྒོ་སྲུང་བ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ད་ལྟའི་ཆར་རང་བྱུང་རྐྱེན་ངན་འགོག་སྲུང་ཚན་པ་དང་། མངའ་སྡེའི་མྱུར་སྐྱོབ་ཚན་པས་སྒོ་སྲུང་བ་དེ་འཚོལ་བཞིན་ཡོད་འདུག
དེ་འབྲེལ་རྒྱ་གར་གྱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་ (Nitish Kumar)མཆོག་གིས། གནད་དོན་དེ་དང་འབྲེལ་ནས་ཞིབ་འཇུག་ནན་མོ་བྱ་དགོས་པ་དང་། ཉེས་ཅན་ལ་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་ལུགས་གསུངས་འདུག་ལ། བྷ་གྷལ་པུར་ས་གནས་གཞུང་གི་ལས་བྱེད་དྷ་ནན་རྗེ་ཀུ་མར་ (Dhananjay Kumar) ལགས་ཀྱིས། ཟམ་པ་རྡིབ་སྐྱོན་བྱུང་བའི་གནས་ཚུལ་ཐོན་པ་དང་། ཟམ་པ་འཛུགས་སྐྲུན་བྱེད་མཁན་གྱི་འཆར་འགོད་པ་དང་ལྷན་དུ་སྐད་ཆ་བཤད་ཡོད་སྐོར་དང་། ད་ལྟའི་ཆར་དོན་རྐྱེན་དེའི་ཁྲོད་ཤི་རྨས་ཀྱི་གནས་ཚུལ་གང་ཡང་བྱུང་མེད་པ་དང་། ཟམ་པ་རྡིབ་སྐྱོན་ཤོར་བའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་མིན་ཐད་ཞིབ་འཇུག་བྱས་དང་བྱེད་མུས་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་འདུག
ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༣ ཉིན་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་ (Nitish Kumar)མཆོག་གིས་ཨ་གྷུ་ཝ་ནི་ནས་སུལ་ཏན་གྷན་ཇི་བར་གྱི་ཟམ་པ་འཛུགས་སྐྲུན་གྱི་ལས་གཞི་སྒོ་འབྱེད་གནང་སྟེ། འགྲོ་གྲོན་ཧིན་སྒོར་བྱེ་བ་ ༡༧༠༠ བཏང་ནས་ཕྱི་ལོ་ ༢༠༡༩ ལོར་འཛུགས་སྐྲུན་འགྲུབ་དགོས་པའི་ཐག་གཅོད་གནང་ཡོད་ཀྱང་། དུས་ཐོག་ཏུ་ལས་གཞི་མཇུག་བསྡུ་ཐུབ་མེད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་དྲག་ཆར་དང་ལྷགས་པས་བརྡུངས་ཏེ་ཟམ་པར་རྡིབ་སྐྱོན་བྱུང་ཡོད་སྟབས། ད་ལན་ཟམ་པ་དེར་རྡིབ་སྐྱོན་བྱུང་བ་ཐེངས་གཉིས་པ་དེ་ཡིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།