བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་ནང་ཨ་རི་དང་། ཁེ་ན་ཌ། ཡུ་རོབ། ཨོ་གླིང་བཅས་ཀྱི་རྐང་སྤོལ་རྩེད་མཁན་ཁག་ཅིག་གཞི་ནས་དྲག་འདེམས་བྱ་རྒྱུ་ལྷག་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༥ ཉིན་བོད་རྒྱལ་ཡོངས་རིགས་ཚོགས་པས་འདི་ལོའི་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་ (Tibetan Men’s National team ) ཁྲོད་རྒྱ་བལ་གཉིས་ནང་ཡོད་པའི་རྩེད་འགྲན་པ་བཅུ་བཞི་དྲག་འདེམས་བྱས་པའི་མིང་ཐོ་ཞིག་གསལ་སྒྲགས་བྱས་ཡོད་སྟབས། མདང་ནུབ་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་ཞུགས་པའི་རུ་དཔོན་ཁག་ཅིག་གིས་དྲ་ལམ་སོགས་ནས་གནད་དོན་དེའི་ཐད་ཚོར་ཤུགས་ཆེན་པོས་གླེང་སློང་བྱས་ཏེ། འདི་ལོའི་བོད་རྒྱལ་ཡོངས་སྐྱེས་པའི་རུ་ཁག་འདེམས་སྒྲུག་བྱེད་སྟངས་ཐད་གསལ་བཤད་བྱེད་དགོས་པའི་རེ་སྐུལ་བྱེད་ཀྱིན་འདུག
དེ་རིང་འདི་གའི་གསར་འགོད་པས་གནད་དོན་དེའི་ཐད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་འབྲེལ་མཐུད་པ་དང་འདི་ལོའི་སྐྱེས་པའི་རུ་ཁག་གི་སློབ་སྟོན་པ་མགོན་པོ་རྡོ་རྗེ་ལགས་སུ་སྐད་ཆ་དྲིས་པར་ཁོང་གིས། ད་ལན་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་དེ་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་དང་སློབ་སྟོན་པ་ཟུར་བ་རྒན་ཐུབ་བསྟན་ལགས་དང་། རྒྱ་གར་རྒྱལ་ཡོངས་རྐང་སྤོལ་ལྟ་ཞིབ་པ་སྐུ་ཞབས་ཏ་བྷི་ཤི་ཐར་པ། དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྐྱེས་པའི་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་བཅས་ཀྱིས་དྲག་འདེམས་བྱས་ཏེ། དྲག་འདེམས་བྱུང་བའི་མིང་ཐོ་དེ་དག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་ཕུལ་ཡོད་སྐོར་དང་། དེ་བཞིན་ཁ་སང་གསལ་བསྒྲགས་བྱས་པའི་མིང་ཐོ་དེའི་ཁྲོད། རྒྱ་གར་དང་བལ་ཡུལ་གཉིས་སུ་གནས་སྡོད་རྐང་སྤོལ་བ་བཅུ་བཞི་ཡི་མིང་ཐོ་བཏོན་ཡོད་པ་ལས། ཨ་རི་ནས་རྐང་སྤོལ་བ་གསུམ་དང་། ཁེ་ན་ཌ་ནས་གསུམ། ཡུ་རོབ་ནས་གསུམ། ཨོ་གླིང་ནས་གཅིག་བཅས་སུ་མིག་རྟགས་བརྒྱབ་ནས་བཞག་ཡོད་ཅིང་། དེ་དག་ཡུལ་ལུང་དེ་དག་གི་ (International Chapter) སོགས་བརྒྱུད་ནས་དྲག་འདེམས་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།
ཡང་ཁོང་གིས་སྤྱིར་རྒྱལ་སྤྱིའི་རྩེད་འགྲན་ཁག་ཏུ་མི་མང་གི་དགའ་མོས་བྱེད་ཡུལ་རྩེད་འགྲན་པ་ཞིག་ཡིན་ཡང་། སློབ་སྟོན་པའི་རྩེད་འགྲན་གྱི་ཐབས་ཇུས་སོགས་ཀྱི་དབང་གིས། རྩེད་འགྲན་པ་དེར་གོ་སྐབས་ཐོབ་པའི་ངེས་པ་མེད་པ་བཞིན། སློབ་སྟོན་པས་ཀྱང་ཁོང་ཉིད་ཀྱི་རྩེད་འགྲན་ཐབས་ཇུས་དང་རིག་པ་སོགས་ལ་གཞིགས་ནས་རྩེད་འགྲན་པ་དྲག་འདེམས་བྱེད་ཀྱི་ཡོད་ཅིང་། དྲག་འདེམས་ཟིན་པའི་རྐང་སྤོལ་བ་དེ་དག་ཀྱང་སློབ་སྟོན་པའི་ཐབས་ཇུས་ཇི་བཞིན་ཏག་ཏག་ཡོང་གི་ཡོད་མེད་ལྟ་ཡི་ཡོད་ཀྱང་། ད་ལྟ་རྐང་སྤོལ་ལ་དོ་དབྱིངས་ཡོད་མཁན་མང་དག་ཅིག་གིས། དྲག་འདེམས་ཟིན་པའི་རྩེད་འགྲན་པ་བཅུ་བཞི་དེ་སུ་ཡིན་ཤེས་རྟོགས་བྱུང་ཡོད་ཀྱང་། ལྷག་མ་རྩེད་འགྲན་པ་བཅུ་པོ་དེ་དག་ཤེས་རྟོགས་བྱུང་མེད་པས། གནད་དོན་ཞིག་མཐིལ་ཕྱིན་པར་ཤེས་རྟོགས་མ་བྱུང་གོང་ནས་སྐྱོན་བརྗོད་དང་གླེང་སློང་བྱ་རྒྱུ་མེད་སྐོར་དང་། མི་མང་གིས་ཀྱང་རྩེད་མོ་རང་གི་ངོ་བོའི་ཐོག་ནས་རྒྱལ་ཁ་ཐོབ་རྒྱུར་བསམ་བློ་གཏོང་དགོས་པ་ལས། ས་གནས་དང་གཞིས་ཆགས་ཀྱི་ཕྱོགས་ཞེན་སོགས་དོར་དགོས་སྐོར་བརྗོད་བྱུང་།
འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༢༨ ནང་མཉམ་ཞུགས་བྱས་པའི་བལ་ཡུལ་རུ་ཁག་གི་རུ་དཔོན་སྐལ་བཟང་བཀྲིས་ལགས་ཀྱིས། ང་རང་བོད་ཀྱི་རྐང་སྤོལ་རྩེད་འགྲན་པ་ཞིག་ཡིན་པའི་ཆ་ནས། དྲང་མོ་བཤད་ན་ད་ལོའི་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དེ་འགྲིག་མི་འདུག་བསམ་གྱི་འདུག རྒྱབ་སྲུང་བ་ (defence line ) གཉིས་གསུམ་ཙམ་ལས་མི་འདུག་པས། ལྷོ་ཁུལ་དུའང་རྐང་སྤོལ་བ་མང་པོ་ཞིག་ཡོད་པས། དེ་དག་ཚང་མ་གོ་སྐབས་ཤིག་སྤྲད་ནས། སླར་ཡང་འདེམས་སྒྲུག་ཅིག་བྱ་མི་ཐུབ་པ་ཞིག་མིན། ཞེས་དང་། འདི་ལོའི་རུ་ཁག་འདེམས་སྒྲུག་བྱེད་སྟངས་དེར་འདོད་བློ་ཁེངས་པ་ཞིག་གཏན་ནས་མ་བྱུང་ལ། ང་ལ་ཆ་མཚོན་ན་འདས་པའི་ལོ་གཉིས་རིང་རུ་ཁག་བཟོས་ཏེ། དཀའ་ལས་བརྒྱབ་ནས་གང་སར་ཕྱིན་ཡིན། འོན་ཀྱང་། བོད་རྒྱལ་ཡོངས་ཀྱི་རུ་ཁག་འདེམས་སྟངས་འདི་ལ་བལྟས་ན་རྐང་སྤོལ་རྩེད་རྒྱུར་དབྱིངས་བརླག་གི་འདུག ཅེས་བརྗོད་བྱུང་།
ཀོ་ནི་ཧྥ་རྐང་སྤོལ་མཐུན་ཚོགས་ (Confederation of Independent Football Associations) འདི་ཐོག་མར་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན། ཧྥི་ཧྥ་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ཀྱི་ངོས་འཛིན་མེད་པའི་རྒྱལ་ཁབ་དང་ས་ཁུལ་གྱི་རྐང་སྤོལ་རུ་ཁག་རྣམས་ལ་དམིགས་ཏེ་མགོ་བརྩམས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༤ ལོར་ཆེས་ཐོག་མའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་དེ་སི་ཝེ་ཌན་དུ་འཚོགས། ཕྱི་ལོ་ ༢༠༡༨ ལོར་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་མཐུན་ཚོགས་དེས་གོ་སྒྲིག་བྱས་པའི་རྐང་སྤོལ་རྩེད་འགྲན་ནང་ཞུགས་མྱོང་ཡོད།
འདི་ལོའི་སྐྱེས་པའི་ཀོ་ནི་ཧྥ་རྐང་སྤོལ་རྩེད་འགྲན་དེ་ཕྱི་ཟླ་ ༨ ཚེས་ ༣ ནས་ ༦ བར་ཡུ་རོབ་ཀྱི་ན་ཐར་ལེན་ཌི་རྒྱལ་ཁབ་ཏུ་བསྡུ་རྒྱུ་ཡིན་འདུག་ལ། རྩེད་འགྲན་དེའི་ཁྲོད་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གཙོས་རྒྱ་གར་དང་། བལ་ཡུལ། པ་ཀི་སི་ཐན། ཨབ་གྷ་ནི་སི་ཐན། བྷང་ལ་དྷེ་ཤི་དང་། སིངྒ་ལ་སོགས་ནས་རྐང་སྤོལ་རུ་ཁག་ཁག་ཅིག་གིས་མཉམ་ཞུགས་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དཔལ་ལྡན།