ཧྤ་རན་སི་ནང་དུ་མི་མང་གི་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པས་ཉེན་རྟོག་པ་ཁྲི་ ༤ ལྷག་གིས་འགོག་སྲུང་བྱེད་བཞིན་ཡོད་འདུག
ཟླ་འདི་ཕྱི་ཚེས་ ༢༧ ཉིན་ཧྥ་རན་སི་རྒྱལ་ཁབ་ཀྱི་པེ་རི་སི་གྲོང་ཁྱེར་མཐའ་རུ་ཆགས་པའི་ནཱན་ཌེ་རེ་ (Nanterre ) ཁུལ་གྱི་ཉེན་རྟོག་པ་ཞིག་གིས་ལོ་ ༡༧ ཅན་གྱི་ན་གཞོན་ནཱ་ཧེལ་མ་ (Nahel M) ཡིས་རླངས་འཁོར་གཏོང་མཚམས་མ་བཞག་པར་བྲོས་པའི་རྐྱེན་གྱིས། ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་འདས་གྲོངས་ཀྱི་དོན་རྐྱེན་བྱུང་རྗེས། མི་མང་ཁོང་ཁྲོའི་ཐོག་ནས་ཉེན་རྟོག་ལས་ཁུངས་མདུན་གྱི་རླངས་འཁོར་མེ་སྒྲོན་ཏེ་ངོ་རྒོལ་བྱེད་མགོ་ཚུགས་ཡོད་པ་དང་། ད་ལྟའི་ཆར་ས་ཁུལ་མང་པོ་ཞིག་ཏུ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་འགྱུར་བཞིན་ཡོད་པ་མ་ཟད། ངོ་རྒོལ་བ་རྣམས་ཀྱིས་པེ་རི་སི་གྲོང་ཁྱེར་ནང་གི་ཚོང་ཁང་དང་། ལམ་ཁ། རླངས་འཁོར་སོགས་གཏོར་བཤིག་བྱེད་བཞིན་ཡོད་པའི་གནས་ཚུལ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པས། ཧྥ་རན་སི་དྲག་སྤྱོད་ཉེན་རྟོག་པ་ཁྲི་ ༤ ལྷག་བཀྲམ་འཇོག་གིས་པེ་རི་སི་ནང་དུ་མི་མང་གི་ངོ་རྒོལ་ལ་འགོག་སྲུང་བྱེད་ཀྱི་ཡོད་ཅིང་། ངོ་རྒོལ་བྱེད་མཁན་ ༩༠༠ མ་ཟིན་ཙམ་བཙན་བཟུང་བཀག་ཉར་བྱས་ཡོད་འདུག་ལ། ཉེན་རྟོག་པ་ ༢༠ ལྷག་ལས་རྨས་སྐྱོན་ཕོག་ཡོད་འདུག
དེའི་སྐོར་ལ་ཧྥ་རན་སི་སྲིད་འཛིན་ཨེམ་མཱ་ནུལ་མཱ་ཁི་རོན་ (Emmanuel Macron) མཆོག་གིས། ཧྥ་རན་སི་རྒྱལ་ཡོངས་ཀྱིས་ནཱ་ཧེལ་རྐྱེན་འདས་སུ་ཕྱིན་པར་སེམས་ཚོར་བྱུང་ཡོད་ཅིང་། ཁོང་གི་ནང་མི་ཚང་མར་གདུང་སེམས་མཉམ་སྐྱེད་ཞུས་ཡོད། དོན་རྐྱེན་འདི་ནི་འགྲེལ་བརྗོད་བྱེད་དཀའ་བ་དང་། གུ་ཡངས་གཏོང་མི་ཐུབ་པ་ཞིག་ཡིན་པ་མ་ཟད། འཆི་རྐྱེན་འདི་བདེན་པ་ར་སྤྲོད་བྱེད་རྒྱུ་ཅི་ཡང་མེད་པས། ཁྲིམས་ཁང་ནས་འཕྲལ་མར་དྲང་བདེན་གསལ་སྟོན་ཞུ་རྒྱུ་རེད་ཅེས་དང་། ང་ཚོས་ཞི་འཇམ་དུ་བསྡད་པ་ལ་བརྟེན་ནས་གནས་སྟངས་ཐམས་ཅད་སྡུག་ཕྱོགས་སུ་འགྲོ་ཡི་མ་རེད་ཅེས་གསུངས་འདུག
ཧྥ་རན་སི་ཉེན་རྟོག་པའི་མཐུན་ཚོགས་ ( Alliance Police union) ཀྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། སྲིད་འཛིན་མཆོག་གི་གསུང་བཤད་ལ་ཡིད་ཆེས་བྱེད་ཐབས་མེད་པ་ཞིག་རེད། ཐེངས་སྔོན་མར་ཉེན་རྟོག་པར་རྒྱབ་སྐྱོར་བྱེད་པ་ལས་ལྡོག་ཕྱོགས་སུ་ལངས་ཡོད་འདུག རྒྱབ་སྐྱོར་བྱེད་སྟངས་རྣམ་པ་གཉིས་སུ་གྱུར་འདུག་པས། ཉེས་འཛུགས་བྱས་པའི་ལས་གྲོགས་རྣམས་ཀྱི་ཆེད་དུ་དྲང་བདེན་གྱི་ལམ་ནས་སྐད་ཆ་བཤད་པའི་རེ་བ་ཆེ་སྐོར་བརྗོད་འདུག
འདས་པོའི་ཁྲིམས་རྩོད་པ་ཡཱ་སི་ནེ་བྷུ་ཛི་རུ་(Yassine Bouzrou) ལགས་ཀྱིས། བརྙན་ཐུང་སྟེང་དུ་ཧ་ཅང་གསལ་བོ་མཐོང་ཐུབ་པ་ལྟར། ཉེན་རྟོག་པས་མེ་མདས་བརྒྱབ་ནས་ནཱ་ཧེལ་ཨེམ་བསད་ཡོད་པ་རེད། འདི་ལྟར་མེ་མདས་བརྒྱབ་ནས་མི་གསོད་ཆོག་པ་རྩ་ཁྲིམས་གང་དུའང་གསལ་མེད། ཅེས་བརྗོད་འདུག
འདས་པོའི་ཨ་མ་མོའུ་ནི་ཡས་(Mounia ) སྤྱི་ཚོགས་དྲ་ལམ་དུ་ཉེན་རྟོག་པས་ཁོ་མོའི་བུ་བསད་ཡོད་པས། མི་མང་གིས་དྲན་གསོའི་གོམ་བགྲོད་ལ་མཉམ་ཞུགས་བྱེད་པར་འབོད་སྐུལ་ཞུས་ཡོད་པ་དང་། ཁོང་མོས་ཉེན་རྟོག་པ་ཚང་མ་སྡུག་ཕྱོགས་སུ་བཟུང་ནས་ངོ་རྒོལ་བྱེད་ཀྱི་མེད་པ་དང་། ཁོ་མོའི་བུ་གསོད་མཁན་གྱི་ཉེན་རྟོག་པར་ངོ་རྒོལ་བྱེད་ཀྱི་ཡོད། ཉེན་རྟོག་པས་ཨ་རབ་ཀྱི་བྱིས་པ་ཞིག་གི་གདོང་པ་མཐོང་པས། ཁོས་གསོད་འདོད་སྐྱེས་ཡིན་རྒྱུ་རེད། ཅེས་དང་། ད་དུང་ཁོ་བྱིས་པ་ཞིག་ཡིན་པས། ཁོ་ལ་ཨ་མ་དགོས་ཀྱི་ཡོད། ཞོགས་པར་ང་ལ་མཇལ་ཡོང་ཞེས་བུད་སོང་། ཆུ་ཚོད་གཅིག་གི་རྗེས་སུ་མི་ཁ་ཤས་ཀྱིས་ངའི་བུ་ལ་མེ་མདས་བརྒྱབ་འདུག་ཅེས་བཤད་བྱུང་། ཁོ་ནི་ངའི་མི་ཚེ་ནང་གི་ཡོད་ཚད་ཡིན། ཞེས་འགྲེལ་བརྗོད་གནང་འདུག
དོན་རྐྱེན་དེ་ནི་འདི་ལོའི་ཧྥ་རན་སིའི་ནང་ཉེན་རྟོག་པས་རླངས་འཁོར་གཏོང་མཚམས་འཇོག་ཆེད་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ཐེངས་གསུམ་པ་དེ་ཡིན་པ་དང་། ཧྥ་རན་སི་འགྲིམ་འགྲུལ་ཡིག་ཚགས་ལྟར་ན་དོན་རྐྱེན་འདི་འདྲ་ཁྱོན་བསྡོམས་ཐེངས་ ༡༣ བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༢༡ ནང་དུ་ཐེངས་ ༣ དང་། ཕྱི་ལོ་ ༢༠༢༠ དང་ཕྱི་ལོ་ ༢༠༡༧ ནང་དུ་ཐེངས་གཉིས་རེ་བྱུང་འདུག རྐྱེན་འདས་སུ་ཕྱིན་ཡོད་པ་མང་ཆེ་ཤོས་ནི་ཨ་རབ་ཀྱི་མི་རིགས་ནག་པོ་ཡིན་འདུག