༸གོང་ས་མཆོག་གིས་འབྱུང་འགྱུར་ལོ་ ༣༠ དང་ ༤༠ རིང་ངོས་རང་གིས་ཞབས་འདེགས་བསྒྲུབ་བསམ་པའི་སེམས་ཤུགས་སྐྱེད་ཀྱི་ཡོད་ཅེས་གསུངས་སོང་།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་ནམ་རྒྱུན་ཉིན་ལྟར་ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཟེར་ནས་སྨོན་ལམ་འདེབས་ཀྱི་ཡོད་ལ། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སེམས་ཅན་ཇི་སྙེད་པ་དེ་སྲིད་དུ་ངོས་རང་ཡང་སྐྱེ་བ་བླངས་ནས་གཞན་གྱི་སྡུག་བསྔལ་སེལ་རྒྱུ་དང་། གཞན་གྱི་བདེ་བ་བསྒྲུབ་རྒྱུར་སྙིང་ཁོངས་རུས་པའི་གཏིང་ནས་སེམས་ཤུགས་བསྐྱེད་ནས་འགྲོ་ཡི་ཡོད། ད་ལྟ་སྐབས་སུ་བབས་པ་ལས་དང་སྨོན་ལམ་གྱི་དབང་གིས་ངོས་རང་བོད་ལ་སྐྱེས། ཨ་མདོའི་ལུང་པར་སྐྱེས་པ་རེད། དུས་ད་ལྟ་བར་དུ་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ཕན་བསྒྲུབ་རྒྱུ་དང་། ལྷག་བསམ་མ་དོར་བའི་ཐོག་ནས་གཞན་ལ་ཕན་བདེ་བསྒྲུབ་རྒྱུ་གང་ཡོང་ཅི་ཡོང་བྱས་པ་ཡིན། དེ་རིང་འདིར་སྐབས་སུ་བབས་པ་ངོས་རང་ལོ་ ༨༨ ལ་བསླེབས་པའི་འཁྲུངས་སྐར་དུས་ཆེན་རེད། ངོས་རང་གི་ལོ་རྩིས་དུས་ལོ་ ༨༨ བསླེབས་ཀྱི་ཡོད་པ་རེད་དེ། ངོས་ཀྱི་གདོང་ཤེལ་སྒོའི་ནང་ལྟ་དུས། ངོས་ཀྱི་ལོ་ལྔ་བཅུ་ང་གྲངས་ཤིག་མིན་འགྲོ་བསམ་པའི་བཟོ་འདྲ་བོ་ཞིག་འདུག ཕལ་ཆེར་ངོས་ཀྱི་གདོང་སྤོ་ལགས་ལག་པ་འཁྱོག་ཚད་ཞིག་མ་རེད། ངོས་ཀྱི་སོ་ལ་ཆ་བཞག་ནའང་། སོ་གཅིག་ཀྱང་འཕུད་མེད། ད་ལྟ་ལྟོ་ཆས་ག་རེ་ཟ་དགོས་བྱུང་ནའང་། ངོས་ཀྱི་སོ་དེ་དག་ཨང་གསར་བསྡད་ཡོད། ཅེས་གསུངས།
༸གོང་ས་མཆོག་གིས། ད་ལྟ་བར་དུ་ལས་དང་སྨོན་ལམ་གྱི་ཐོག་ནས་ངོས་རང་བོད་ལ་སྐྱེས། རིམ་པས་ཏཱ་ལའི་བླ་མའི་མིང་ཐོགས་ནས་བྱུང་བ་རེད། ད་ལྟ་བར་དུ་ཏཱ་ལའི་བླ་མའི་མིང་དེ་འཁྱེར་ནས་དངོས་གནས་དྲང་གནས་དངོས་ཤུགས་བརྒྱུད་གསུམ་ནས་སེམས་ཅན་ལ་ཕན་བདེ་བསྒྲུབ་རྒྱུ་དང་། བྱེ་བྲག་ཏུ་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་དོན་དག་ལ་ངོས་རང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ནས་ཕན་ཐོགས་བསྒྲུབ་རྒྱུ་ཞིག་བྱས་པ་ཡིན། འགྱོད་པ་རྒྱུན་ནས་མེད། ལྷག་པར་དུ་བར་སྐབས་སུ་དུས་ཚོད་ཁག་པོ་ཞེ་དྲགས་བྱུང་བའི་སྐབས། ངོས་ཀྱི་ལྷག་བསམ་དང་སེམས་ཤུགས་ཞུམ་པ་མེད་པ་བྱས་ནས་བསྡད་པ་ཡིན། ང་ཚོ་བོད་པའི་ཐོག་ལ་བསམ་བཞིན་དུ་བརྣག་པོ་བྱེད་མཁན་གྱི་རྒྱ་ནག་གུང་ཁྲན་ཏང་གི་མགོ་ཁྲིད་ཚོ་ཡིན་ནའང་རེད། གང་ལྟར་གུང་ཁྲན་ཏང་གི་ལས་ཀ་བྱེད་མཁན་དེ་ཚོའི་གྲས་ལ་སྙིང་རྗེ་སྐྱེས་པ་མ་གཏོགས་ཁྲོ་སེམས་ཁྱོན་ནས་སྐྱེས་ཀྱི་མི་འདུག དངོས་གནས་དྲང་གནས་ཀྱིས་རྨོངས་པའི་དབང་གིས་དེ་འདྲ་བྱུང་བ་རེད་བསམ་པ་ཞིག་དྲན་པ་མ་གཏོགས་ཁོང་ཁྲོ་ཟ་རྒྱུ་ཁྱོན་ནས་མི་འདུག རྒྱ་ནག་མི་མང་ལ་ཆ་བཞག་ནའང་། ལྷག་བསམ་རྣམ་དག་གི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ། སྤྱིར་འཛམ་བུ་གླིང་གི་མི་ཚང་མར་ཕན་རྒྱུ་ཞིག་རེད་ལ། བྱེ་བྲག་ཏུ་རྒྱ་ནག་མི་མང་མང་པོ་ཞིག་ནང་པ་ཆགས་ཀྱི་ཡོད། ལོ་རྒྱུས་ཀྱི་ཐོག་ནས་ནང་པ་རེད། ངོས་རང་སྔོན་མ་རྒྱ་ནག་ལ་ཕྱིན་པའི་སྐབས། ས་གནས་འདྲ་མིན་ལ་ནང་པའི་ལྷ་ཁང་མང་པོ་ཞེ་དྲགས་འདུག དེར་བརྟེན་རྒྱ་ནག་ལ་ཆ་བཞག་ནའང་། ནང་པ་སངས་རྒྱས་པའི་ཆོས་རིམ་པས་དར་ཡོང་གི་འདུག་ལ། རྒྱ་ནག་མི་མང་ལའང་བདེ་སྐྱིད་ཡོང་བར་སེམས་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་། དེ་དང་འབྲེལ་བའི་སྟོང་པ་ཉིད་ཀྱི་ལྟ་བ་བསམ་བློ་བཏང་ན། ཚན་རིག་ལའང་མཐུན་པ་དང་། ལྷག་དོན་སེམས་ཁམས་རིག་པའི་སྐོར་ལ་ཤེས་དགོས་བྱུང་ན། རྩ་བ་ངོས་རང་འཛམ་བུ་གླིང་གི་ཆོས་ལུགས་ཚང་མ་ལ་དད་གུས་བྱེད་ཀྱི་ཡོད། ཞེ་དྲགས་ཡག་པོ་རེད།
ཆོས་ལུགས་ཚང་མས་གཞན་ཕན་གྱི་བློ་དགོས་པའི་བསླབ་བྱ་དེ་ཡག་པོ་ཞེ་དྲགས་ཡོང་གི་འདུག ལྟ་གྲུབ་ཀྱི་ཐོག་ནས་བཤད་པ་ཡིན་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་བསམ་བློ་གཏོང་སྟངས་ཏོག་ཙམ་གུ་དོག་པོ་ཆགས་ཀྱི་ཡོད་པ་རེད། ང་རང་ཚོ་སངས་རྒྱས་པའི་ཆོས་ནང་། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཟེར་བའི་སྨོན་ལམ་འདི་ཞེ་དྲགས་ཤུགས་ཆེན་པོ་རེད་འདུག ནམ་མཁའ་མ་གསལ་གྱི་བར་ལ་གཞན་དོན་སྒྲུབ་ཀྱི་ཡིན་ཟེར་བ་དེ་རེད། ངོས་རང་གིས་ཀྱང་ཉིན་རེ་བཞིན་དུ་དོན་དག་འདི་བསམ་བློ་བཏང་ནས། ད་ལྟ་བར་དུ་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་ཕན་ཐོགས་བསྒྲུབ་རྒྱུ་ཞིག་བྱས་པ་ཡིན། འབྱུང་འགྱུར་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཐུབ་ཀྱི་རེད། བོད་རྒྱ་ཆེ་མི་མང་གཙོ་བོར་གྱུར་བའི་འཛམ་བུ་གླིང་འདིའི་སྒང་གི་མི་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་དང་ཞབས་འདེགས་གང་འཚམ་བསྒྲུབས་ཡོད། ད་དུང་ཡང་འབྱུང་འགྱུར་ལོ་ ༣༠ དང་ ༤༠ ངོས་རང་གིས་ཞབས་འདེགས་བསྒྲུབ་བསམ་པའི་སེམས་ཤུགས་སྐྱེད་ཀྱི་ཡོད་ལ། ཁྱེད་རང་ཚོ་ཚང་མས་སྨོན་ལམ་བརྒྱག་རོགས་གནང་། བོད་རྒྱ་ཆེ་མི་མང་གི་ཆོས་དང་རིག་གཞུང་དང་འབྲེལ་བ་ཡོད་པའི་ཤར་ནུབ་ཀྱི་ཡུལ་གྲུ་ཁག་གི་མི་ཚང་མ་ལ་ངོས་རང་གིས་ཕན་ཐོགས་གང་ལ་གང་འཚམ་བྱེད་ཐུབ་ཀྱི་ཡོད་པ་རེད། ད་དུང་ཡང་ངོས་རང་སེམས་ཤུགས་བསྐྱེད་ནས་དངོས་གནས་དྲང་གནས་ཀྱིས་སེམས་པ་བཟང་པོ་བྱ་རྒྱུ་དང་། ལྷག་བསམ་རྣམ་དག་གི་ཐོག་ནས་མི་ལ་ཞབས་འདེགས་བསྒྲུབ་རྒྱུའི་སེམས་ཤུགས་ཡོད་མཁན་གྱི་ཆོས་པ་ལྟ་ཅི་མོས། ཆོས་མེད་མཁན་ཚོ་ཡིན་ནའང་གང་ལྟར་སྤྱི་སེམས་འཁྱེར་མཁན་ཚང་མར་ངོས་རང་གིས་ཞབས་འདེགས་བསྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་སྡོད་ཀྱི་ཡོད། ངོས་རང་གིས་དམ་བཅའ་འཇོག་གི་ཡོད།
སྔ་མོ་ངོས་རང་རྒྱ་ནག་ལ་ཕྱིན་པའི་སྐབས། མའོ་ཙེ་ཏུང་ཚར་མང་པོ་ཐུག་པ་རེད། མའོ་ཙེ་ཏུང་དང་ངོས་རང་གི་མཇལ་འཕྲད་མཐའ་མའི་སྐབས། མའོ་ཙེ་ཏུང་གིས། ཁྱེད་རང་གི་བསམ་བློ་དེ་ཚན་རིག་གི་བསམ་བློ་ཤུགས་ཆེན་པོ་ཡོད་པ་འདྲ། ཡག་པོ་ཞེ་དྲགས་རེད། ཆོས་ཟེར་བ་དེ་དུག་རེད་ཟེར་ནས་བཤད་མྱོང་། ངོས་རང་གིས་གང་ཡང་མི་ལབ་པར་སྤམ་པོ་བྱས་ནས་བསྡད་པ་ཡིན། མའོ་ཙེ་ཏུང་ད་ལྟ་ཡོད་ན། དེ་དུས་ཀྱི་སྐད་ཆ་དེ་རྦད་དེ་འགྱུར་བ་འགྲོ་ཡི་རེད། གང་ལྟར་ཆོས་ཟེར་བ་དེ་ལྷ་ཁང་ནང་སྨོན་ལམ་འདེབས་པའི་སྐད་ཆ་མ་རེད། ཆོས་ཟེར་བ་དེ་སེམས་རྒྱུད་བཟང་པོ་བྱ་རྒྱུ་དང་། གཞན་ལ་རོགས་ཕན་བྱ་རྒྱུ་དེ་རེད། གུང་ཁྲན་རིང་ལུགས་ཆ་བཞག་ནའང་། གཞན་ཕན་བྱ་རྒྱུ་དེ་གཙོ་བོ་བཤད་ཀྱི་ཡོད་པ་རེད། གྲལ་རིམ་གྱི་ཐོག་ནས་འབྱོར་ལྡན་དང་དེ་ཚོའི་དབང་ཆ་འཛིན་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད། དེ་རྒྱུ་མཚན་འདུག འགྲིག་གི་འདུག དེར་བརྟེན། དེང་སང་མའོ་ཙེ་ཏུང་ཡོད་ན། ཕལ་ཆེར་ངེད་གཉིས་ལྷོད་ལྷོད་ཐུག་ནས་བགྲོ་གླེང་བྱེད་ན། ངོས་རང་གིས་མའོ་ཙེ་ཏུང་ནང་པར་ཏན་ཏན་འགྱུར་ཐུབ་ཀྱི་རེད།
ང་རང་ཚོས་ཆོས་ཀྱི་སྐད་ཆ་བཤད་པ་དེ་བདེན་པ་རེད་འདུག ཆོས་ལུགས་ཀྱི་འཐེན་འཁྱེར་བྱ་རྒྱུ་དང་གྲུབ་མཐའི་འཐེན་འཁྱེར་བྱ་རྒྱུའི་སྐད་ཆ་གང་ཡང་མ་རེད། མིའི་སེམས་བཟང་པོ་དང་མི་ཚེ་སྐྱིད་པོ་ཡོང་རྒྱུའི་སྐད་ཆ་བཤད་ཀྱི་ཡོད། རྒྱ་ཆེ་ས་ནས་ཚེ་འདི་ཙམ་མ་ཡིན་པར་ཚེ་རབས་ནས་ཚེ་རབས་བདེ་ཞིང་སྐྱིད་པའི་ངང་ནས་ཇི་སྲིད་ནམ་མཁའ་མ་གསལ་བར་ལ། འགྲོ་བ་སེམས་ཅན་གྱི་དོན་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད། ཧ་ལས་པ་རེད་འདུག སངས་རྒྱས་པའི་ཆོས་དང་ལྷག་པར་བྱང་ཆུབ་ཀྱི་སེམས་པའི་སྡེ་སྣོད་ནས་གསུངས་པའི་བསླབ་བྱ་དེ་དག་ཟབ་པོ་ཞེ་དྲགས་རེད་འདུག ངོས་རང་གི་ངོས་ནས་ཆ་བཞག་ནའང་། ད་ལྟ་བར་དུ་བསླབ་བྱ་དེ་དག་སེམས་སུ་བཞག་ནས་དངོས་ཤུགས་བརྒྱུད་གསུམ་ནས་ཁམས་དང་མོས་པ་དང་མཚམས་པའི་གཞན་ཕན་བྱས་པ་ཡིན། འཛམ་གླིང་གི་གནས་ཚུལ་མང་པོ་འགྱུར་བ་འགྲོ་རྒྱུ་དང་། ཕལ་ཆེར་འཛམ་བུ་གླིང་ཞི་བདེ་ཡག་པོ་ཞིག་ཡོང་ཐུབ་རྒྱུའི་རེ་བ་འདུག གོ་མཚོན་མེད་པ་དང་དམག་མིས་མེ་མདའ་འཁྱེར་ནས་འགྲོ་མཁན་མེད་པ། དངོས་གནས་དྲང་གནས་ཀྱིས་འཚེ་བ་མེད་པའི་འཛམ་བུ་གླིང་ཞིག་དང་། ཚང་མ་གྲོགས་པོའི་འདུ་ཤེས་ཀྱི་ཐོག་ནས་འཛམ་བུ་གླིང་འཚོ་རྒྱུ་ཞིག་ཡོང་གི་རེད་བསམ་གྱི་འདུག དེར་བརྟེན་འཛམ་བུ་གླིང་དངོས་གནས་དྲང་གནས་ཀྱིས་དོན་དམ་པའི་གོ་མཚོན་མེད་པ་དང་འཁྲུག་པ་རྒྱག་རེས་མེད་པ། མི་དང་མི་བརྩེ་བ་མ་དོར་བའི་ཐོག་ནས་འགྲོ་རྒྱུ་ཞིག་བྱུང་དུས། དངོས་གནས་འཛམ་གླིང་ཞི་བདེ་ཡོང་གི་ཡོད་པ་རེད། དེ་འདྲ་བསྒྲུབ་རྒྱུ་ཞིག་ངོས་རང་གི་བསམ་བློའི་ནང་བཞག་ཡོད། རིམ་པས་འཛམ་གླིང་འདི་གོ་མཚོན་མེད་པ་དང་དྲག་པོའི་དམག་ཤུགས་མེད་པ། ཚང་མ་དངོས་གནས་དྲང་གནས་ཀྱིས་ང་ཚོ་སྐྱེ་བའི་སྐབས། ཨ་མའི་ཁོག་ནས་སྐྱེས་དུས་ནས་གོ་མཚོན་ཡོད་པ་མ་རེད། ང་ཚོ་པུ་གུ་གཅིག་གི་གཅིག་ལ་བརྩེ་བ་བྱས་ནས་མི་ཚེ་འདི་མགོ་བཙུགས་པ་རེད། འཛམ་གླིང་འདི་སྒང་ལ་མི་དུང་ཕྱུར་བདུན་བརྒྱད་ཡོད་པ་ཚང་མས་གཅིག་གི་གཅིག་ལ་བརྩེ་བའི་བསམ་བློ་འཁྱེར་ནས་འཛམ་བུ་གླིང་གནས་ཐུབ་པ་བྱུང་ན། སྐལ་བ་མེ་འཇིག་ཆུ་འཇིག་ཟེར་བའི་འཛམ་གླིང་གི་ཚ་དྲོད་ཆེ་རུ་ཕྱིན་ནས་མེ་འཇིག་བསླེབས་ཡོང་གི་ཡོད་པ་རེད། ཚན་རིག་པ་ཚོས་བཤད་ཀྱི་འདུག དེར་བརྟེན་འཛམ་བུ་གླིང་ཚ་དྲོད་རྒྱས་ནས་སྐལ་བ་མེ་འཇིག་མ་བྱུང་གོང་ལ། ང་ཚོ་དངོས་གནས་དྲང་གནས་ཀྱིས་མི་ལུས་ཐོབ་པ་དོན་ལྡན་ཞིག་བྱས་ནས་མི་ཚེ་སྐྱེལ་དགོས་པ་དང་། ཕྱིས་སུ་སྐལ་བ་མེ་འཇིག་བསླེབས་པའི་སྐབས། ང་ཚོ་གླིང་གཞན་པ་ལ་སྐྱེ་ཡི་རེད། སྐྱེ་བའི་སྐབས་གཞན་ཕན་གྱི་བློ་དེ་ལྷག་བསམ་རྩེ་གཅིག་ཏུ་འཁྱེར་ནས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་མུ་མཐུད་ནས་སྐྱེས་ནས། འཛམ་གླིང་འདིའི་སྒང་ལ་ང་ཚོ་སེམས་པ་བཟང་པོ་བྱ་རྒྱུའི་སློབ་སྦྱོང་བྱས་ནས་ལག་ལེན་བསྟར་བ་རྣམས་འཛམ་གླིང་གཞན་དང་གཞན་པ་ཚོ་ལའང་དམིགས་སྟོན་སྤེལ་ཐུབ་པ་ཞིག་བྱ་དགོས། ༧རྒྱལ་བ་རིན་པོ་ཆེ་སེམས་ཤུགས་ཆག་རྒྱུ་དེ་འདྲ་རྩ་བ་ཉིད་ནས་ཡོད་པ་མ་རེད། ནམ་མཁའ་མ་གསལ་གྱི་བར་ལ་གཞན་དོན་སྒྲུབ་བསམ་པའི་ལྷག་བསམ་དང་སྙིང་སྟོབས་སྐྱེད་ཀྱི་ཡོད། ད་ལྟ་སེམས་ཤུགས་འགྱུར་བ་མེད་པར་བསྡད་པ་དེ་ཕལ་ཆེར་ཤུགས་རྐྱེན་ཡོད་ས་རེད། ངོས་རང་གིས་དངོས་གནས་དྲང་གནས་ཀྱིས་གཞན་ཕན་གྱི་བློ་རྩེ་གཅིག་ཏུ་སྐྱེས་ནས་ཕན་པ་རྒྱ་ཆེན་པོ་བསྒྲུབ་རྒྱུའི་བསམ་བློ་གཏོང་གི་ཡོད། ཅེས་གསུངས་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།
Thanks!!!༧རྒྱལ་བ་རིན་པོ་ཆེ་སེམས་ཤུགས་ཆག་རྒྱུ་དེ་འདྲ་རྩ་བ་ཉིད་ནས་ཡོད་པ་མ་རེད། ནམ་མཁའ་མ་གསལ་གྱི་བར་ལ་གཞན་དོན་སྒྲུབ་བསམ་པའི་ལྷག་བསམ་དང་སྙིང་སྟོབས་སྐྱེད་ཀྱི་ཡོད། ད་ལྟ་སེམས་ཤུགས་འགྱུར་བ་མེད་པར་བསྡད་པ་དེ་ཕལ་ཆེར་ཤུགས་རྐྱེན་ཡོད་ས་རེད། ངོས་རང་གིས་དངོས་གནས་དྲང་གནས་ཀྱིས་གཞན་ཕན་གྱི་བློ་རྩེ་གཅིག་ཏུ་སྐྱེས་ནས་ཕན་པ་རྒྱ་ཆེན་པོ་བསྒྲུབ་རྒྱུའི་བསམ་བློ་གཏོང་གི་ཡོད།
སྐྱེ་བ་མི་འཇིག་ཆོས་འཇིག་མ་རེད།