བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆེད་འཛུགས་གནང་བའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་མི་མང་ནང་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་ག་རེ་ཡོད་ན་འབུལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལྟར་མི་མང་གི་དགོངས་ཚུལ་མང་པོ་འབྱོར་བཞིན་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཀྱི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ། ཕྱི་ཟླ་ ༧ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་ཐོག་མི་མང་གིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐོག་ལ་བསམ་ཚུལ་ཡོད་ཚེ་སྙན་ཞུ་འབུལ་དགོས་པའི་གསལ་བསྒྲགས་གནང་ཡོད་པ་ལྟར། མི་མང་གི་སྙན་ཞུ་འབྱོར་གྱི་ཡོད་མེད་དང་། གཙོ་ཆེ་བ་ག་རེའི་སྒང་ལ་བསམ་ཚུལ་ཕུལ་ཡོད་སྐོར་དྲིས་པར། ཁོང་གིས། ང་ཚོས་གསལ་བསྒྲགས་སྤེལ་དགོས་པའི་གནད་འགག་ནི། ད་ལྟ་ང་ཚོའི་བཅའ་ཁྲིམས་དང་འབྲེལ་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་ཀྱི་ཐོག་ལ་རྩོད་གླེང་ཡོད་པར་བརྟེན། མི་མང་ནང་ལ་སེམས་འཚབ་ཡོང་གི་ཡོད་པ་རེད། མཛད་གཙོ་རྣམ་པ་ཚོས་འདིའི་ཐོག་ལ་ཏག་ཏག་འགྲོ་རྒྱུའི་འབད་བརྩོན་གནང་གི་ཡོད་རེད། གྲོས་ཚོགས་ཚོགས་ཐེངས་ ༥ པའི་ཐོག་ལ་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བསྐོ་གཏན་འཁེལ་བར་བརྟེན། ཚོགས་ཆུང་འདིའི་ཐོག་ལ་མི་མང་གི་དགོངས་ཚུལ་ལེན་རྒྱུ་དང་མི་མང་གི་དགོངས་ཚུལ་གང་ཡོད་པ་དེ་གསུང་རྒྱུ་གལ་ཆེན་པོ་ཡིན་པས། ཚོགས་ཆུང་གི་ངོས་ནས་ཡོངས་ཁྱབ་གསལ་བསྒྲགས་བཏང་སྟེ་མི་མང་གིས་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་དཀའ་ངལ་དང་། བཅའ་ཁྲིམས་དང་སྒྲིག་གཞི་སོགས་ལ་བསྐྱར་བཅོས་དགོས་རིགས་ག་རེ་ཡོད་རུང་སོ་སོའི་དགོངས་ཚུལ་གསུང་རྒྱུའི་གོ་སྐབས་ཕུལ་བ་ཞིག་རེད། ད་ལྟ་བར་དུ་སྙན་ཞུ་མང་པོ་འབྱོར་གྱི་འདུག ང་ཚོས་སྙན་ཞུ་ཚང་མར་བལྟས་མེད། ཕྱི་ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་གོང་ལ་མི་སྒེར་དང་ཚོགས་པ་སུ་འདྲ་ཞིག་གི་ངོས་ནས་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་ཡོད་ན། ཚོགས་དྲུང་ལས་ཁུངས་ཀྱི་དྲ་རྒྱ་བརྒྱུད་ནས་གཏང་རྒྱུ་དང་། དེ་མིན་སོ་སོ་སྒེར་གྱིས་བྲིས་པ་ཡིན་ན། དོ་བདག་སོ་སོ་ཡོང་ནས་ཚོགས་དྲུང་ལས་ཁུངས་བརྒྱུད་ཚོགས་ཆུང་ལ་འབུལ་དགོས་ཀྱི་ཡོད་པ་རེད། ད་ལྟ་ང་ཚོས་གཅིག་ཀྱང་ཁ་སྔོག་མེད། དེར་བརྟེན་ག་ཚོད་འབྱོར་ཡོད་མེད་དང་ནང་དོན་ག་རེ་ཡོད་མེད་ང་ཚོས་ཁྱོན་ནས་ཧ་གོ་ཡི་མེད། ཕྱིས་སུ་སྙན་ཞུ་ཚང་མ་འབྱོར་ནས་ང་ཚོ་ཚོགས་ཆུང་གི་ངོས་ནས་དེའི་ཐོག་ལ་ཞིབ་འཇུག་བྱ་རྒྱུར་ལས་བྱེད་ཀྱི་ཚོགས་ཆུང་བསྐོ་དགོས་ཀྱི་འདུག ཡང་ན་ང་ཚོ་རང་གིས་སྙན་ཞུ་ཚང་མར་བལྟས་ནས་སྡོམ་བརྒྱག་དགོས་ཡོད་མེད་ཐག་གཅད་རྒྱུ་ཡིན། གང་ལྟར་གང་བསླེབས་པ་དེ་དག་ཚང་མ་ཚོགས་ཆུང་གི་ཐོག་ནས་བཅའ་ཁྲིམས་ལ་ཕན་རྒྱུའི་དགོངས་འཆར་ག་རེ་ཡོད་རུང་བདག་པོ་བརྒྱག་རྒྱུའི་ཆོད་སེམས་དང་ཐག་གཅོད་གཏན་འཁེལ་བ་རེད། ཅེས་གསུངས་བྱུང་།
གསར་འགོད་པས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་སྐབས་ ༡༦ པའི་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཡིག་འཁྱམ་ངོས་འཛིན་གནང་ཕྱོགས་ཀྱི་རྩ་འཛིན་གྱི་སྒྲིག་གཞི་བཟོས་ཏེ། འདིའི་ནང་ལ་དོན་ཚན་ལྔ་འཁོད་འདུག དཔེར་ན་མི་སྒེར་དང་ཚོགས་པ་ཁག་གིས་གློག་འཕྲིན་ནང་སྙན་ཞུ་ཕུལ་ནས་མིང་དང་ཁ་པར་ཨང་གྲངས། དཔྱ་ཁྲལ་ལག་དེབ་ཀྱི་ཨང་གྲངས། གཏན་སྡོད་ཁ་བྱང་སོགས་འཁོད་མེད་ན་ཡིག་འཁྱམ་དུ་ངོས་འཛིན་གནང་གི་ཡོད་པ་བྲིས་འདུག ད་ལན་ཚོགས་ཆུང་གི་ངོས་ནས་རྩ་འཛིན་སྒྲིག་གཞི་དེ་མུ་མཐུད་དུ་ལག་བསྟར་གནང་གི་ཡོད་སྐོར་དྲིས་པར། ཁོང་གིས། སྤྱི་འཐུས་རྒྱུན་ལས་ཀྱི་ཡིག་འཁྱམ་རྩིས་ཕྱོགས་ཀྱི་ཁྲིམས་བཟོས་པ་དེ་དོན་ཚན་ཁ་ཁ་ཞིག་རེད། ང་ཚོ་ཚོགས་ཆུང་གིས་བཅའ་ཁྲིམས་བསྐྱར་བཅོས་ཐོག་ལ་ལས་ཀ་བྱེད་དགོས་ཀྱི་ཡོད་པར་བརྟེན། ཚོགས་ཆུང་གིས་ཡོངས་ཁྱབ་གསལ་བསྒྲགས་བཏང་སྟེ་ཡིག་འཁྱམ་བརྩི་རྒྱུའི་ཐོག་ལ་སྐད་ཆ་ཁྱོན་ནས་བཤད་ཀྱི་མེད། གང་ལྟར་མི་མང་གིས་འགན་འཁྱེར་ནས་ངོ་རྟགས་འཕྲོད་པའི་ཡི་གེ་ཞིག་གློག་འཕྲིན་བརྒྱུད་བསླེབས་ཡོད་ན། དེ་དག་ཚང་མ་བདག་པོ་བརྒྱག་གི་ཡིན། ད་ལྟ་སྤྱི་ཚོགས་ནང་ཡིག་འཁྱམ་གྱི་ཐོག་ལ་རྙོག་གླེང་ཡོང་གི་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་དེ་འདྲ་བཟོ་དགོས་པར་སྐབས་དང་དུས་ཀྱི་དཀའ་ངལ་དང་གནས་སྟངས་ཤིག་ལ་བལྟས་ནས་བཟོས་པ་ཞིག་རེད། འོན་ཀྱང་། ང་ཚོ་ཚོགས་ཆུང་གིས་སྤྱི་འཐུས་རྒྱུན་ལས་ཀྱི་ཡིག་འཁྱམ་རྩིས་ཕྱོགས་ཀྱི་སྒྲིག་གཞི་དང་ལམ་སྟོན་དེ་ལ་འབྲེལ་བ་གང་ཡང་ཡོད་མ་རེད། ཅེས་གསུངས་བྱུང་།
ཚོགས་ཆུང་གིས་ཕྱག་ལས་དབུ་འཛུགས་གནང་བའི་སྐབས། ཚོགས་གཙོ་སྦྲེལ་པོའི་ངོས་ནས་ལམ་སྟོན་ག་རེ་གནང་ཡོད་པའི་སྐོར་ལ་ཁོང་གིས། ཚོགས་གཙོ་སྦྲེལ་པོའི་ངོས་ནས་དོན་ཚན་གསུམ་ལམ་སྟོན་གནང་ཡོད་རེད། དོན་ཚན་དང་པོ་ནི། ད་ལྟ་བར་དུ་མཛད་གཙོ་རྣམ་པའི་ལས་ཡུན་དང་འཕོ་འགྱུར་གཏོང་ཕྱོགས་སོགས་གཅིག་གྱུར་མེད་པར་བརྟེན། དེ་དག་བཅའ་ཁྲིམས་ནང་གཅིག་གྱུར་ཡོང་བར་ག་རེ་བྱ་དགོས་འདུག གཉིས་པ་དེ་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ལ་དམ་འབུལ་བྱེད་ཕྱོགས་ཀྱི་ཐོག་དཀའ་ངལ་དང་རྙོག་དྲ་ཡོད་པར་བརྟེན། དཀའ་ངལ་དེ་སེལ་རྒྱུའི་ཆེད་དུ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ཐོག་ལ་བསྐྱར་བཅོས་ག་རེ་འཁྱེར་དགོས་འདུག གསུམ་པ་དེ། དེ་དག་དང་མཉམ་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ལ་བསྐྱར་བཅོས་དགོས་རིགས་ཀྱི་འཆར་ཟིན་རྣམས་ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ཟླ་མཇུག་གི་གོང་ལ་ཕུལ་ཚར་བ་དགོས་ཡོད་གསུངས་པ་དེ། ཚོགས་གཙོ་ཚོགས་གཞོན་དང་གྲོས་ཚོགས་ཚོགས་ཐེངས་ ༥ པའི་གྲོས་ཆོད་དགོངས་ཚུལ་རེད། ཅེས་གསུངས་བྱུང་།
ཚོགས་ཆུང་གིས་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་གནད་ག་རེའི་སྒང་ལ་ཐུགས་ནན་ཆེན་པོ་གནང་རྒྱུའི་འཆར་གཞི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ང་ཚོས་དོ་སྣང་ཆེ་ཤོས་བྱ་དགོས་པ་ནི་གོང་དུ་ཚོགས་གཙོ་ཚོགས་གཞོན་གྱི་ལམ་སྟོན་དང་། གྲོས་ཚོགས་ཀྱི་གྲོས་ཆོད་གཙོ་བོ་རེད། འོན་ཀྱང་། ད་ལྟའི་ཆར་ང་ཚོ་བཅའ་ཁྲིམས་དོན་ཚན་ ༡ པོ་ནས་མཇུག་བར་དུ་རེ་རེ་བྱས་ནས་དཀའ་ངལ་ག་རེ་ཡོད་པ་རྣམས་འགྲོ་ཡི་ཡོད། གཙོ་བོ་དེ་ལམ་སྟོན་གཞིར་བཞག་ཐོག་ལ་བབས་དགོས་ཀྱི་ཡོད་རེད། ཅེས་ལན་འདེབས་གནང་སོང་།
སྤྱི་ཚོགས་ནང་ལ་ཆོས་བརྒྱུད་སྤྱི་འཐུས་ལ་འོས་བླུགས་རྒྱུའི་ཐོབ་ཐང་འདྲ་མཉམ་དགོས་པའི་གླེང་སློང་མང་པོ་ཡོང་གི་ཡོད་དུས། གལ་སྲིད་མི་མང་གིས་དེའི་ཐོག་ལ་བསམ་ཚུལ་བསླེབས་པ་ཡིན་ན། དེ་ཚོར་འགྱུར་བ་གཏང་ཐུབ་རྒྱུའི་རེ་བ་གཟིགས་ཀྱི་ཡོད་མེད་དྲིས་པར་ཁོང་གིས། འདི་ངས་གང་ཡང་ཞུ་ཐུབ་ཀྱི་མི་འདུག ད་ལྟ་མི་མང་པོ་ཞིག་གིས་ང་ཚོ་ཚོགས་ཆུང་ནང་ཡོད་པའི་མི་ལྔ་དེ་ལ་སེམས་ཁྲལ་ཞེ་དྲགས་བྱེད་ཀྱི་འདུག དེ་ཚོས་དྲང་པོ་བྱེད་ཀྱི་མ་རེད་བསམ་པ་དང་། གཅིག་བྱས་ཡོང་བསམ་པ། ད་ལན་ཁོང་ཚོས་དྲང་པོ་མ་བྱེད་ན་དཔེ་བསགས་སོང་བསམ་རྒྱུ་དེ་འདྲ་ཡོང་གི་འདུག དེ་འདྲ་རྒྱ་ཆེ་མི་མང་གིས་ཁྱོན་ནས་གནང་རྒྱུ་ཡོད་མ་རེད་བསམ་གྱི་འདུག ལས་འགན་ཞིག་སྤྲད་པ་རེད། ལས་ཀ་སྤྲད་པ་དེ་ལ་སུ་ཡིན་རུང་ཧུར་ཐག་འབད་ཐག་དང་ལྷག་བསམ་རྣམ་དག་བྱེད་ཀྱི་རེད་ལ་བྱེད་དགོས་ཀྱི་རེད། གཉིས་པ་དེ། ང་ཚོ་ལྔ་ལ་ཚོགས་ཆུང་གི་འགན་སྤྲད་ཡོད་རེད་དེ་། ང་ཚོ་ལྔས་བྱས་པ་དེ་མཐའ་མ་མ་རེད། ང་ཚོས་གྲོས་ཚོགས་ལ་ཟིན་བྲིས་འཆར་འབུལ་ཞུ་རྒྱུ་རེད། གང་ཡིན་པ་དེ་གྲོས་ཚོགས་ནང་རྒྱ་ཆེ་མི་མང་གི་མདུན་ལ་གནད་དོན་གཅིག་དང་གཉིས་ཀྱི་ཐོག་ལ་གྲོས་བསྡུར་ཐག་གཅོད་བྱས་ཏེ་གཏན་འབེབས་བྱ་རྒྱུ་ཞིག་ཡིན་པ་ལས། ང་ཚོས་བྱས་པ་དེ་མཐའ་མའི་ཐག་གཅོད་མ་རེད། ང་ཚོས་མི་མང་གི་འདོད་པ། ཁྲིམས་དང་སྒྲིག་གཞིའི་དགོས་ངེས་ལ་བལྟས་ནས་གང་ཐུབ་ཅི་ཐུབ་བྱེད་ཀྱི་རེད། འདིར་ཆོད་སེམས་བརྟན་པོ་རེད། འོན་ཀྱང་། མཐའ་མའི་ཐག་གཅོད་དེ་གྲོས་ཚོགས་ནང་བྱེད་ཀྱི་རེད། གྲོས་ཚོགས་ནང་བྱ་རྒྱུ་དེ་རྒྱ་ཆེ་མི་མང་གིས་གཟིགས་རྒྱུ་ཞིག་རེད། ཅེས་གསུངས་བྱུང་།
གསར་འགོད་པས་ད་ལྟའི་ཆར་ང་ཚོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་ཁྱབ་རྩིས་ཞིབ་པ་མེད་པ། དེ་བཞིན་བཀའ་ཤག་ནང་བཀའ་བློན་གསུམ་ཙམ་བསྐོས་ཐུབ་མེད་དུས། དམངས་གཙོའི་ཀ་བ་གསུམ་ཚད་དང་ལྡན་པ་ཞིག་ཡོང་ཐབས་དང་ང་ཚོའི་ཐུན་མོང་མ་ཡིན་པའི་དམངས་གཙོའི་ལམ་ལུགས་མུ་མཐུད་མདུན་སྐྱོད་བྱེད་ཐུབ་པར་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ངོས་ནས་རེ་བ་ག་ཚོད་མཐོང་གི་ཡོད་མེད་དྲིས་པར། ཁོང་གིས། ད་ལྟ་བར་དུ་ལོ་ངོ་ ༣༠ ལྷག་ཙམ་ལ་ང་ཚོ་དཀའ་ངལ་མེད་པའི་ཐོག་ནས་ཕྱིན་བ་རེད། དེ་བཞིན་མུ་མཐུད་དུ་འགྲོ་ཐུབ་པར་དཀའ་ངལ་གང་ཡང་མཐོང་གི་མི་འདུག སྐབས་དང་དུས་ལ་ང་ཚོ་ཚང་མར་རྐྱེན་དང་རྒྱུ་མཚན་གཅིག་ལ་བལྟས་ནས་འགོག་རྐྱེན་ཞིག་བྱུང་བ་དང་། བར་ཆད་ཅིག་འཕྲད་པ་རེད། འོན་ཀྱང་། མ་འོངས་པར་དཀའ་ངལ་འཕྲད་པ་དེ་དག་ལེགས་ཆ་ལ་བསམ་བློ་གཏང་། མ་འོངས་པར་གོམ་པ་མདུན་སྐྱོད་བྱེད་པར་དཀའ་ངལ་གང་ཡང་མཐོང་གི་མི་འདུག དཀའ་ངལ་མཐོང་དང་མ་མཐོང་དེ་འགན་ཡོད་མཁན་མི་ཚོས་བསམ་བློ་གུ་ཡངས་པོ་གཏང་རྒྱུ་ཞིག་དང་། སྤྱི་པའི་སྒྲིག་འཛུགས་དེ་ལ་བསམ་བློ་གཏང་རྒྱུ། མི་མང་གི་དགོངས་ཚུལ་ལ་བསམ་བློ་གཏོང་དགོས་པ། ཁྲིམས་དང་སྒྲིག་གཞི་ལ་སྐྱོན་ཆ་ཡོད་པ་རྣམས་ཁ་གསལ་པོ་བཟོ་དགོས་པ་རེད། འདི་ང་ཚོས་རྒྱ་ཆེའི་མི་མང་ལ་ཞུ་དགོས་མ་རེད། ཨ་མི་རི་ཀ་ལ་ཞུ་དགོས་མ་རེད། རྒྱ་གར་གཞུང་ལ་ཞུ་དགོས་མ་རེད། ང་ཚོའི་དཀའ་ངལ་དེ་ང་ཚོས་སེལ་རྒྱུ་སོགས་ང་རང་ཚོའི་ལག་པ་ལ་ཡོད་རེད། དེར་བརྟེན་ང་ཚོའི་འགན་འཁྱེར་སྟངས་ཐོག་རག་ལུས་ཀྱི་རེད་བསམ་གྱི་འདུག ང་ཚོ་ཚང་མས་འགན་འཁྱེར་ནས་བཟང་ཕྱོགས་ཀྱི་ཐོག་ལ་འགྲོ་ཐུབ་ཀྱི་རེད་བསམ་པའི་ང་རང་གིས་རེ་བ་དང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། མཐའ་མ་ག་རེ་ཆགས་ཀྱི་ཡོད་མེད་དེ་གྲོས་ཚོགས་ནང་གཟིགས་རྒྱུ་རེད། ཅེས་གསུངས་བྱུང་།
ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མིའི་ནང་ཁྲིམས་ལུགས་རིག་པའི་མི་སྣ་དང་འཛིན་སྐྱོང་སྡེ་ཚན་གྱི་མི་སྣ། ཁྲིམས་བཟོ་སྡེ་ཚན་གྱི་མི་སྣ་བཅས་དགོས་པ་ལས་ཁྲིམས་བཟོ་སྡེ་ཚན་གཅིག་པོས་ཚོགས་བཙུགས་པ་དེ་ཁྲིམས་འགལ་་རང་ལ་ངོས་འཛིན་ཞུ་གི་ཡོད།