བོད་ཀྱི་རྡོ་རྩིག་མ་ཎིར་རྡོག་ཐོས་གཞུས་ཏེ་རིག་གཞུང་ལ་ཁྱད་གསོད་བྱས་པའི་ཉེས་མིང་འོག་ཡུལ་སྐོར་བ་ཞིག་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་ཀ་རྩེ་ཁུལ་གྱི་དིང་རི་རྫོང་གི་ཉེ་འཁྲིས་ཇོ་མོ་གླིང་མའི་ཉེ་འགྲམ་དུ། ཕྱི་མི་ཡུལ་སྐོར་བ་ཞིག་གིས་བོད་ཀྱི་རྡོ་རྩིག་མ་ཎིར་རྡོག་ཐོས་གཞུས་ཏེ་འགྱེལ་བའི་བརྙན་ཞིག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་པ་དང་བསྟུན། ད་ལྟའི་ཆར་འབྲེལ་ཡོད་ས་གནས་ཉེན་རྟོག་པས་རྩད་ཞིབ་བྱས་ཏེ་ཕྱི་མི་ཡུལ་སྐོར་བ་དེ་འཛིན་བཟུང་བཀག་ཉར་འོག་འདྲི་རྩད་གཅོད་ཀྱི་ཡོད་འདུག
གཞིས་ཀ་རྩེ་ཉེན་རྟོག་ཁང་གིས་རྡོ་རྩིག་མ་ཎི་ནི་བོད་ཀྱི་སྲོལ་རྒྱུན་ནས་དར་བའི་རིག་གཞུང་དང་བོད་མི་མང་གི་དད་གུས་བྱེད་ཡུལ་ཞིག་ཆགས་ཀྱི་ཡོད་པ་དང་། རྡོ་རྩིག་མ་ཎིར་རྡོག་ཐོས་གཞུས་པ་ནི་བོད་དང་བོད་མིའི་ཆོས་དང་རིག་གཞུང་ལ་ཁྱད་གསོད་གཏོང་གི་ཡོད་ཅེས་སྤྱི་ཚོགས་དྲ་ལམ་དུ་གླེང་སློང་བྱས་སྟབས། མི་དེ་འཛིན་བཟུང་བཀག་ཉར་འོག་འདྲི་རྩད་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
ད་ལྟ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་གི་གནས་ཚུལ་ལྟར་ན། ཡུལ་སྐོར་བ་དེ་ནི་ཕྱི་གླིང་བ་ཞིག་ཡིན་པ་ཙམ་ལས་མིང་དང་ཡུལ་ཁོངས་སོགས་གསལ་པོ་བྱས་མི་འདུག་ལ། ད་ལྟ་མི་དེའི་གནས་སྟངས་ཅི་ཆགས་གང་ཡང་གསལ་ཁ་མི་འདུག
ཡང་འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཡོང་བའི་རྒྱ་མོ་ཞིག་གིས། ལྷ་སའི་བོད་མི་ཚང་མ་རྩ་མེད་བཟོས་ནས་ལྷ་ས་རྒྱ་མིར་དབང་དགོས་ཀྱི་འདུག་ཅེས་བརྙན་ཐུང་ཞིག་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་དུ་བཀྲམས་རྗེས། བཙན་དབང་རིང་ལུགས་ཀྱི་ཐལ་ཆ་ཆེ་བའི་སྐད་ཆ་བཤད་ཆ་དེར་བོད་ཕྱི་ནང་གི་སྤྱི་ཚོགས་དྲ་ལམ་དུ་བོད་མི་མང་པོ་ཞིག་གིས་ངོ་རྒོལ་སྐྱོན་བརྗོད་བྱས་པ་དང་། ཕྱི་ཚེས་ ༩ ཉིན་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་ཕྱི་ལོགས་ནས་ཡོང་བའི་ལུའུ་ག་གེ་མོས་མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བའི་སྐད་ཆ་བཤད་དེ་སྤྱི་ཚོགས་དྲ་ལམ་དུ་བཀྲམ་པའི་གནད་དོན་དེར་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ལ། བཅའ་ཁྲིམས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག
English version: A Tourist arrested for kicking Tibetan holy Mani stone mound