ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་ལགས་ཀྱིས་ལོ་ངོ་ ༣༠ ལྷག་གི་རིང་བདག་བཟུང་བྱས་པའི་སྲིད་བློན་གྱི་གོ་གནས་དེ་རང་ཉིད་ཀྱི་བུ་ཆེ་བ་ཧུན་མཱ་ནེ་ཌ་ཞེས་པར་སྤྲོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་རྐྱེན་ཆབ་སྲིད་ཀྱི་རྙོག་གླེང་མང་པོ་ཡོང་གི་འདུག
ཁ་སང་ཕྱི་ཚེས་ ༢༦ ཉིན་ཁམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་(Hun Sen) ལགས་ཀྱིས་མི་འགྱངས་བར་ཁོང་གིས་སྲིད་བློན་གྱི་ལས་འཁུར་བཞག་སྟེ། ཁོང་རང་གི་བུ་ཆེ་བ་ཧུན་མཱ་ནེ་ཌ་(Hun Manet) སྲིད་བློན་དུ་བསྐོ་བཞག་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་བྱས་རྗེས། ཡུལ་དེའི་ཁ་གཏད་ཚོགས་པ་ཆེ་ཤོས་སྒྲོན་འོད་སྲིད་དོན་ཚོགས་པས་(Candlelight Party)་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག
ཁམ་བྷོ་ཌི་ཡ་རྒྱལ་ཡོངས་བརྙན་འཕྲིན་དུ་སྲིད་བློན་ཧུན་སེན་ལགས་ཀྱིས། ངས་ཁམ་བྷོ་ཌི་ཡའི་རྒྱལ་བོར་མཇལ་ཡོད་པ་མ་ཟད། སྲིད་བློན་གྱི་གོ་གནས་མུ་མཐུད་མི་འཁུར་བར་མོས་མཐུན་བྱུང་སོང་ཞེས་དང་། གོ་གནས་འདི་བློས་གཏོང་བྱེད་པར་འདོད་བློ་ཚིམས་ནས་ཡོད། ཕྱི་ཟླ་ ༨ ཚེས་ ༡༠ ཉིན་རྒྱལ་བོ་མཆོག་ནས་ཧུན་མཱ་ནེ་ཌི་ལ་ངོས་བཞེས་འཐོབ་རྒྱུ་དང་། ཟླ་དེའི་ཕྱི་ཚེས་ ༢༢ ནས་ལས་འཁུར་བྱ་རྒྱུ་རེད། ད་ལྟ་ནི་མི་རབས་གསར་པའི་གཞོན་སྐྱེས་རྣམས་ཀྱིས་མགོ་ཁྲིད་ཀྱི་ལམ་ཁ་བསྐྲུན་པའི་དུས་ཚོད་ཡིན་པས། མ་འོངས་པར་གཞོན་སྐྱེས་ཀྱི་ནང་ནས་ཀྱང་བློན་ཆེན་གྱི་གོ་གནས་འཁུར་མཁན་ཡོང་དགོས་ངེས་ཡིན་པ་དང་། ངའི་བུའི་མགོ་ཁྲིད་ཀྱི་དུས་ཡུན་རིང་མུ་མཐུད་དུ་ཞི་བདེ་དང་ཡར་རྒྱས་འགྲོ་རྒྱུ་རེད་ཅེས་བརྗོད་འདུག
སྲིད་བློན་ཧུན་སེན་སྐོར་ལ་གླེང་སློང་མང་པོ་ཡོང་གི་ཡོད་པའི་ཁྲོད་དུ། ཁོས་གློ་བུར་དུ་སྲིད་བློན་ནས་དགོངས་པ་ཞུས་པ་དེ་མ་འོངས་པར་གོ་སྐབས་བྱུང་མཚམས་སྲིད་འཛིན་དུ་ལངས་རྩིས་ཡོད་སྐོར་དང་། ཁོས་མུ་མཐུད་སྲིད་དོན་ཚོགས་པ་དང་གྲོས་ཚོགས་ནང་ལས་ཀ་བྱ་རྒྱུ་ཡིན་པ་མ་ཟད། གལ་སྲིད་ཁོང་རང་གི་བུས་སྲིད་བློན་གྱི་ལས་འཁུར་ལེགས་འགྲུབ་མ་བྱུང་ཚེ། བསྐྱར་དུ་སྲིད་བློན་གྱི་གོ་གནས་སུ་བསླེབ་རྩིས་ཡིན་པ་སོགས་ཀྱི་གླེང་རྙོག་མང་པོ་ཡོང་གི་ཡོད་འདུག
དེའི་སྐོར་ལ་ཨ་རིའི་གཞུང་གིས་ཁམ་བྷོ་ཌི་ཡའི་ནང་འོས་ཤོག་རང་དབང་དང་དྲང་བདེན་གང་ཡང་མེད་ཁར། ཁ་གཏད་སྲིད་དོན་ཚོགས་པ་དང་། གསར་ལམ། སྤྱི་ཚོགས་ཞབས་ཞུ་ཚོགས་པ་བཅས་དམིགས་འབེན་དུ་བཟུང་ནས་འཇིགས་སྐུལ་དང་བརྙས་བཅོས་བྱས་ཡོད་ཅེས་སྐྱོན་བརྗོད་བྱས་འདུག་ལ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཐོ་མི་ལེར་(Matthew Miller) ལགས་ཀྱིས། བྱ་སྤྱོད་འདིའི་རིགས་ཁམ་བྷོ་ཌི་ཡའི་མི་མང་གིས་ངོས་ལེན་བྱེད་ཀྱི་མེད་ལ། དེ་ནི་རྒྱལ་ཁབ་ཀྱི་མ་འོངས་པ་ཐག་གཅོད་བྱེད་པའི་གདམ་ཀ་ཞིག་རེད་ཅེས་བརྗོད་འདུག གཞན། ཡུ་རོབ་མཐུན་ཚོགས་དང་ཧྥ་རན་སིའི་རྒྱལ་རྒྱུད་སྲིད་དོན་ཚོགས་པས་ཀྱང་གཞུང་གི་ཁ་གཏད་ཚོགས་པ་དམིགས་འབེན་དུ་བཟུང་ནས་མིང་འདོན་དང་འོས་ཤོག་འཕེན་པའི་ཐོབ་ཐང་རྡོག་རོལ་བཏང་ཡོད་པའི་སྐྱོན་བརྗོད་བྱས་འདུག
ཉེ་སྔོན་སྲིད་བློན་ཧུན་སེན་གྱི་བུ་ཆེ་བ་ཧུན་མཱ་ནེ་ཌ་ཡུལ་དེའི་གྲོས་ཚོགས་འཐུས་མིར་འོས་ཤོག་ཐོབ་ཡོད་པ་མ་ཟད། ཁོང་ནི་ཁམ་བྷོ་ཌི་ཡའི་རྒྱལ་ཡོངས་དམག་སྤྱི་ཆེན་མོ་ཡང་ཡིན་འདུག་ལ། ཉེ་ཆར་གྲོས་ཚོགས་འོག་མའི་འཐུས་མི་ཁྱོན་ ༡༢༥ ཡོད་པ་ནས་ ༡༢༠ ཡིས་འོས་བླུགས་ཏེ་མི་མང་སྲིད་དོན་ཚོགས་པ་(Cambodian people’s party)ཞེས་པའི་ཁོང་ཚོའི་ཚོགས་པ་དེར་རྒྱལ་ཁ་ཐོབ་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།