བོད་ནང་གི་དགོན་པ་ཁག་ཏུ་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ་དགེ་འདུན་པའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག
ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྲིད་ཇུས་འདྲ་མིན་ཞིག་ལག་བསྟར་བྱེད་བཞིན་པའི་ཁྲོད། དེང་སྐབས་རྒྱ་ནག་གིས་བཅད་བགོ་བྱས་པའི་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་ཞིང་ཆེན་བཅས་ཀྱི་ཁྱབ་ཁོངས་བོད་ཀྱི་དགོན་སྡེ་ཁག་གི་ཐོག་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་པ་དང་། ཞི་ཅིན་ཕིན་གྱི་དགོངས་པ་ཟེར་བ་དང་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་ཟེར་བའི་སྲིད་ཇུས་འདྲ་མིན་ཞིག་ལོ་དང་ཟླ་བསྟུད་ནས་བོད་ཀྱི་དགོན་སྡེ་ཁག་ཏུ་སྤེལ་བཞིན་ཡོད་པ་མ་ཟད། དགོན་པའི་ནང་གསང་ཉུལ་བ་དང་གསང་མིག་འཕྲུལ་ཆས་སོགས་འགྲེམ་འཇོག་བྱས་ཏེ་གྲྭ་བ་ཚོའི་ཉིན་རེའི་བྱེད་སྒོ་མཐའ་དག་ལ་སོ་ལྟ་བྱེད་བཞིན་ཡོད་པ་རེད།
འདི་གའི་གསར་འགོད་པར་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་བརྗོད་པ་ལྟར་ན། དེང་སྐབས་དགེ་འདུན་པ་མང་པོ་ཞིག་ལ་དགོན་པ་ཙམ་དུ་མ་ཟད། གྲོང་གསེབ་ཏུ་ལོག་སྐབས་ཀྱང་། སྡེ་བ་རེ་རེའི་ནང་དགེ་འདུན་པར་སོ་ལྟ་བྱེད་མཁན་རེ་བཞག་ཡོད་པ་དང་། ཁོ་ཚོ་ནི་དགེ་འདུན་པའི་ཡོན་བདག་ཡིན་ཁུལ་གྱིས་བཞག་ཡོད་ཀྱང་། དོན་དངོས་ཐོག་དགེ་འདུན་པ་རེ་རེའི་ཕྱི་ནང་གསང་གསུམ་གྱི་ལས་དོན་ཐོག་གསང་ཉུལ་བྱེད་མཁན་ཡིན་པ་དང་། སྒྲིག་བཀོད་རང་བཞིན་ལྡན་པའི་སྲིད་ཇུས་དེའི་འོག་ནས་དགེ་འདུན་པར་སོ་ལྟ་བྱེད་མཁན་རྣམས་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་ཅུང་ཙམ་འཐོབ་ཀྱི་ཡོད་སྐོར་བརྗོད་བྱུང་།
འདས་མ་ད་གསུམ་གང་དུ་གཞིགས་ནའང་། བོད་ཀྱི་དགོན་སྡེ་ཁག་ནི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཙམ་མ་ཡིན་པར་ནང་བསྟན་ཆོས་བརྒྱུད་དང་བོད་ཀྱི་སྐད་ཡིག་རིག་གཞུང་བཅས་སྲུང་སྐྱོབ་བྱེད་ཡུལ་ལྟེ་བ་ཞིག་ཆགས་ཡོད་སྟབས། ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་དགེ་འདུན་པའི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་ནན་མོ་བྱེད་བཞིན་པའི་ཁྲོད། དམིགས་བསལ་གྲྭ་ཆས་གྱོན་པའི་དགེ་འདུན་པ་ཞིག་ཡིན་ཚེ། རང་ཉིད་གནས་ཡུལ་གྱི་ས་ཁུལ་ནས་ཁ་ཐག་རིང་བའི་གྲོང་ཁྱེར་དང་དམིགས་བསལ་བོད་ཀྱི་ས་ཁུལ་གཞན་དུ་འགྲོ་དགོས་བྱུང་ན། ཡིག་ཆ་མང་པོ་ཞིག་ལེན་དགོས་པའི་ཁར། བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་དགོས་པར་ཆ་བཞག་ན། མདོ་སྨད་དང་མདོ་སྟོད་ཕྱོགས་ཀྱི་དགེ་འདུན་པ་རྣམས་ནས་ས་གནས་སོ་སོའི་ཁྱབ་ཁོངས་ཀྱི་རྒྱ་ནག་གི་ངོས་འཛིན་ཡིག་ཆ་བདུན་ཞུ་དགོས་ཀྱི་ཡོད་འདུག
དེ་འབྲེལ་བོད་ནང་གི་བོད་མི་ཞིག་གིས། དེང་སྐབས་མདོ་སྟོད་སྨད་ཀྱི་ཕྱོགས་ནས་གྲྭ་བ་ཚོ་དབུས་ཉི་མ་ལྷ་སར་སོང་མི་ཆོག་པ་དང་། གལ་སྲིད་སྤྱི་སྒེར་གང་རུང་གི་དོན་དུ་འགྲོ་དགོས་བྱུང་ཚེ། ཐོག་མར་རང་གི་ས་གནས་ནས་ཆོག་མཆན་ཡི་གེ་དང་། དགོན་པའི་ཆོག་མཆན་ཡི་གེ ཡུལ་ཚོའི་སྲིད་གཞུང་དང་ཉེན་རྟོག་ཁང་གཉིས་ཀྱི་ཆོག་མཆན་ཡི་གེ ས་མཚམས་བདེ་འཇགས་ལས་ཁུངས་དང་ཆོས་ལུགས་དོ་དམ་ལས་ཁུངས། ཁུལ་ཆོས་ལུགས་དོ་དམ་ལས་ཁུངས་བཅས་ཀྱི་ཆོག་མཆན་ཡི་གེ་འཐོབ་དགོས་ཀྱི་ཡོད་པ་དང་། གལ་སྲིད་ཆོག་མཆན་ཡི་གེ་དེ་དག་ལས་གཅིག་མ་ཚང་བར་ལྷ་སར་སོང་བ་ཡིན་ན། ས་ཚིགས་གང་དུ་འབྱོར་བའི་གནམ་ཐང་དང་མེ་འཁོར་འབབ་ཚིགས་སོགས་ནས་ཐད་ཀར་རང་ཡུལ་དུ་ཕྱིར་ལོག་བྱེད་པ་ལས་ལྷ་སར་འགྲོ་བཅུག་གི་མེད་སྐོར་བརྗོད་བྱུང་།
ཡང་ཆོག་མཆན་ཡི་གེ་དེ་དག་གི་ནང་དོན་གཙོ་བོ་ནི་དགེ་འདུན་པ་དེ་ས་གནས་དང་དགོན་པ་གང་གི་ཡིན་མིན་དང་། ཁོས་ད་བར་དུ་ཁྲིམས་འགལ་ནག་ཉེས་སོགས་གང་ཡང་བཟོས་མེད་པས་ཁྲིམས་མཐུན་ངང་འགྲོ་བསྐྱོད་ཆོག་ཅེས་བྲིས་འདུག་སྐོར་བརྗོད་སོང་བ་དང་། གལ་སྲིད་ཆབ་སྲིད་ཀྱི་ལས་འགུལ་ནང་ཞུགས་ཡོད་པ་དང་དམིགས་བསལ་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་སོགས་ཀྱི་ནང་མཉམ་ཞུགས་བྱས་པའི་དགེ་འདུན་པའི་རིགས་ལ་ཆོག་མཆན་དེ་དག་འཐོབ་ཁག་པོ་ཆགས་ཡོད་པ་རེད་འདུག ཆོག་མཆན་དེ་དག་ཐོབ་པ་ནས་དགེ་འདུན་པ་ཚོ་དབུས་ཁུལ་དུ་ཟླ་ཙམ་རིང་གནས་མཇལ་བྱེད་ཆོག་པ་དང་། གནའ་སྔ་མོ་ནས་བོད་ཀྱི་མདོ་སྟོད་སྨད་གཉིས་ཀྱི་སེར་སྐྱ་དབྱེར་མེད་ཀྱིས། རྐང་ཐང་བརྐྱངས་ཕྱག་འཚལ་ནས་དབུས་ལ་གནས་མཇལ་བྱེད་པ་ནི་མི་ཚེའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་དང་རྩི་ཡི་ཡོད་པ་ལྟར། ད་ལྟ་མི་སྐྱ་ཚོས་ཆོག་མཆན་ཡི་གེ་མང་པོ་དེ་འདྲ་ཞིག་ལེན་དགོས་ཀྱི་མེད་པ་དང་རྐང་ཐང་བརྐྱངས་ཕྱག་འཚལ་ནས་དབུས་ལ་གནས་མཇལ་བྱེད་མཁན་ཡོད་ཀྱང་། དགེ་འདུན་པའི་ཁྲོད་ན་གནས་མཇལ་ཐུབ་མཁན་ཁག་པོ་ཡིན་སྐོར་ཡང་བརྗོད་བྱུང་།
English version: One Chinese Government Spy For Every Tibetan Monk