རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་བཙན་བྱོལ་བོད་མི་དང་ཐའེ་ཝན། ཡུ་གུར། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་ཚོགས་པ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་འདུག
དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་དབྱིན་ཇིའི་གྲོས་ཚོགས་ནང་རྒྱ་ནག་གི་གསང་བའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་དང་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཤུགས་རྐྱེན་རྒྱ་ཁྱབ་གཏོང་བར་ཆེས་ཆེ་བའི་འགོག་རྐྱེན་ནམ་ཉེན་ཁ་ལྔ་མཐོང་གི་ཡོད་ཅིང་། དེ་དག་ནི་བོད་རང་བཙན་འཐབ་རྩོད་དང་ཐའེ་ཝན་རང་བཙན། ཤར་ཊུ་ཀི་སི་ཐན་ནམ་ཡུ་གུར་མི་མང་གི་ལས་འགུལ། རྩ་རླུང་སྒོམ་སྒྲུབ་(Falun Gong)ཉམས་ལེན་ཚོགས་པ་དང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་བཅས་རེད་འདུག་ལ། རྒྱ་གཞུང་གིས་དེ་དག་ལ་དུག་ལྔ་ཞེས་འབོད་ཀྱི་ཡོད་འདུག
དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱི་སྙན་ཐོ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་དམག་སྲིད་དང་དཔལ་འབྱོར་གྱི་སྟོབས་ཤུགས་ལ་འཛམ་གླིང་ནང་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། ད་ལྟ་རྒྱ་ནག་གིས་གསང་བའི་ལས་དོན་རྒྱ་སྐྱེད་བཏང་སྟེ། རྒྱ་ནག་ཨ་རི་ལས་ལྷག་གིས་སྟོབས་ཅན་རྒྱལ་ཁབ་ཞིག་ཏུ་བསྒྱུར་རྒྱུ་དང་འཛམ་གླིང་ནང་རྒྱ་ནག་གི་ཤུགས་རྐྱེན་སྔར་ལྷག་བསྐྲུན་ཐབས་བྱེད་བཞིན་ཡོད་པར་བརྟེན། ཕུགས་བསམ་དེ་དག་མངོན་འགྱུར་ཡོང་ཐབས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཁ་བསྐྲུན་མཁན་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་སྟངས་འཛིན་དང་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད་འདུག
སྙན་ཐོའི་ནང་། རྒྱ་ནག་ནི་འཛམ་གླིང་ནང་གསང་བའི་སྒྲིག་འཛུགས་ཆེ་ཤོས་ཀྱི་གྲལ་ཡིན་པ་དང་། གསང་ཉུལ་བ་སྟོང་ཕྲག་མང་པོས་རྒྱ་ནག་གི་ཕྱི་ནང་གཉིས་ནས། སྤྱི་དམངས་ལས་ཁུངས་གསུམ་དང་དམག་གི་གསང་བའི་ལས་ཁུངས་གཅིག་བཅས་ཀྱི་ཁྱབ་ཁོངས་སུ་གསང་ཉུལ་བྱེད་བཞིན་ཡོད་པ་དང་། གསང་བའི་ལས་དོན་གྱི་དམིགས་འབེན་གཙོ་བོ་ནི་རྒྱ་ནག་གི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་མཁན་ཡིན་ཟེར་བའི་བོད་དང་ཐའེ་ཝན། ཤར་ཊུ་ཀི་སི་ཐན། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་ཚོགས་པ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་རྩ་མེད་བཟོ་རྒྱུ་དེ་ཡིན་སྐོར་བརྗོད་འདུག
རྒྱ་ནག་གི་གསང་བའི་སྒྲིག་འཛུགས་ཆེ་ཤོས་གསུམ་ནི། སྤྱི་དམངས་རང་བཞིན་གྱི་གསང་བའི་སྒྲིག་འཛུགས་སྟོབས་ཆེ་ཤོས་རྒྱ་ནག་བདེ་སྲུང་ལས་ཁུངས་ཡིན་པ་དང་། ལས་ཁུངས་འདིས་མི་དང་མི་བརྒྱུད་གསང་བའི་གནས་ཚུལ་བསྡུ་རུབ་བྱས་ཏེ་ཕྱིའི་མི་སྒེར་གསང་ཉུལ་བ་དང་གསང་བའི་ལས་བྱེད་སོགས་འཛིན་བཟུང་བྱེད་པའི་ཐོབ་ཐང་ཡོད་ཅིང་། རྒྱལ་ཁབ་གཞན་གྱི་གསང་བའི་ལས་དོན་ཐོག་ཁ་གཏད་གཅོག་གི་ཡོད་པ་རེད། དེ་བཞིན་མི་དམངས་བདེ་སྲུང་བློན་ཆེན་ལས་ཁུངས་དང་། རྒྱ་ནག་གི་དམག་སྲིད་རྒྱབ་སྐྱོར་ལས་དོན་ཚན་པོ་ནི་ཨ་རིའི་ (NSA) གསང་བའི་ལས་ཁུངས་དང་འདྲ་བར། གློག་ཀླད་དང་ཁ་པར་སོགས་དྲ་རྒྱའི་ལམ་ནས་གསང་བའི་ལས་དོན་གཉེར་གྱི་ཡོད་འདུག
ཡང་སྙན་ཐོའི་ནང་། ཞི་ཅིན་ཕིན་གྱིས་རྒྱ་ནག་གི་གསང་བའི་ལས་དོན་ལ་བཅོས་བསྒྱུར་དང་སྐྱེད་བཏང་སྟེ་སྔར་ལས་ལྷག་ཆེད་ལས་རང་བཞིན་ལྡན་དགོས་པའི་བསམ་འཆར་བཏོན་ཡོད་སྟབས། ད་ལྟ་རྒྱ་ནག་གཞུང་གིས་དམག་སྲིད་དེང་རབས་ཅན་དུ་བསྒྱུར་བ་དང་གོང་སྤེལ་གཏོང་རྒྱུའི་ལས་གཞི་ལས་ལྷག་གིས། ལོ་རེར་གསང་བའི་ལས་དོན་ཐོག་འགྲོ་གྲོན་བརྒྱ་ཆ་ ༢༠ འཕར་མ་གཏོང་གི་ཡོད་སྐོར་བརྗོད་འདུག
དབྱིན་ཡུལ་དང་ཨ་རིའི་གཞུང་འབྲེལ་མི་སྣས། རྒྱ་ནག་གིས་ཨ་རི་དང་དབྱིན་ཡུལ་གྱི་སྔོན་ཐོན་འཕྲུལ་རིགས་དང་དམག་སྲིད་འཕྲུལ་རིགས་རྐུ་འཁྱེར་བྱེད་འདོད་ཡོད་སྐོར་བརྗོད་འདུག་པ་མ་ཟད། ཕྱི་ལོ་ ༢༠༢༡ ལོར་ཨ་རི་རྒྱལ་ཡོངས་གསང་བའི་གནས་ཚུལ་ལ་གདོང་ལེན་དང་རྒྱལ་ཁབ་བདེ་འཇགས་ལྟེ་གནས་ཁང་གི་འགན་འཛིན་(Mirriam-Grace MacIntyre)གྱིས། རྒྱ་ནག་གི་གསང་ཉུལ་གྱིས་ལོ་རེར་ཨ་སྒོར་ཐེར་འབུམ་ ༢༠༠ ནས་ ༦༠༠ བར་གྱི་རིན་ཐང་ལྡན་པའི་རིག་ནོར་རྐུ་འཁྱེར་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།
སྙན་ཐོའི་ནང་རྒྱ་ནག་གི་གསང་བའི་ལས་དོན་གྱི་མཐར་ཐུག་གི་དམིགས་འབེན་གཙོ་བོ་ནི། ཆེད་ལས་རང་བཞིན་གྱི་གསང་ཉུལ་བ་དང་མི་མང་། ཚོང་པ་དང་སློབ་ཕྲུག་སོགས་གསང་ཉུལ་བའི་ལས་དོན་སླད་བེད་སྤྱོད་བྱས་ཏེ། ཨ་རི་དང་དབྱིན་ཇི་སོགས་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གདོང་ལེན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་གསང་ཉུལ་ལས་དོན་ནི་གསང་བའི་ལས་ཁུངས་ཁོ་ན་ཙམ་མ་ཡིན་པར། དམར་ཤོག་ཚོགས་པའི་སྣེ་འཁྲིད་འོག གསང་བའི་ལས་ཁུངས་དང་མི་མང་ཚང་མས་ནུས་པ་གཅིག་གི་ཐོག་ནས་ནུབ་ཕྱོགས་སུ་རྒོལ་འཛིང་བྱེད་ཀྱི་ཡོད་སྟབས་ཉེན་ཁ་ཧ་ཅང་ཆེ་སྐོར་སོགས་བརྗོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།