ཨ་རིའི་ཝི་ཇི་ནེ་ཡ་གཙུག་ལག་སློབ་ཆེན་དུ་༧གོང་ས་མཆོག་གི་བྱམས་སྙིང་རྗེའི་དགོངས་པ་ལག་བསྟར་རྒྱུན་སྐྱོང་དང་འབྲེལ་བའི་འཛམ་གླིང་གི་གཞོན་སྐྱེས་མགོ་འཁྲིད་ཀྱི་ཚོགས་འདུ་ཞིག་འཚོག་གི་འདུག
ད་ལྟའི་ཆར་ཨ་རིའི་ཝི་ཇི་ནེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། ༧གོང་ས་མཆོག་གི་ཐུགས་དགོངས་ལས་འཁྲུངས་པའི་ཏཱ་ལའི་བླ་མའི་རྗེས་འཇུག་པ་གཞོན་སྐྱེས་མགོ་འཁྲིད་ཀྱི་འདུ་འཛོམས་སྟེང་། ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་འཛམ་གླིང་རྒྱལ་ཁབ་ ༢༠ ལྷག་ནས་༧གོང་ས་མཆོག་གི་རྗེས་འཇུག་མགོ་ཁྲིད་མི་སྣ་ ༦༠ ཙམ་ལྷན་འཛོམས་བྱས་ཏེ། ༧གོང་ས་མཆོག་གི་གཞན་ཕན་གྱི་ཐུགས་དགོངས་གཞི་བཞག་ཐོག་རང་རང་གི་སྤྱི་ཚོགས་ནང་གཞན་ཕན་དང་འབྲེལ་བའི་ལས་གཞི་ཅི་ཞིག་བརྩམས་ཡོད་པའི་སྐོར་གྱི་ཚོགས་འདུ་ཞིག་འཚོག་གི་ཡོད་འདུག
དེ་འབྲེལ་རྒྱལ་སྤྱིའི་ (daily progress) དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། ཚོགས་འདུ་དེ་ཁ་སང་ཕྱི་ཚེས་ ༤ ཉིན་ནས་ཝི་ཇི་ནེ་ཡ་གཙུག་ལག་སློབ་ཆེན་དུ་ཉིན་གྲངས་ ༤ རིང་འཚོག་གི་ཡོད་ཅིང་། ཏོག་དབྱིབས་གཉན་རིམས་ཀྱི་རྗེས་ནས་ཐོག་མར་ལྷན་ཚོགས་ཐུབ་པ་ཞིག་ཡིན་འདུག་ལ། ལྷན་ཚོགས་དེ་ནི་༧གོང་ས་མཆོག་གི་དགོངས་གཞི་བྱམས་སྙིང་རྗེ་འཛམ་གླིང་གི་སྤྱི་ཚོགས་འདྲ་མིན་ནང་དངོས་སུ་ལག་བསྟར་བྱེད་པར་དམིགས་པ་ཞིག་ཡིན་པ་རེད།
༧གོང་ས་ཏཱ་ལའི་བླ་མའི་རྗེས་འཇུག་ལས་གཞི་དེའི་འགན་འཛིན་ཨན་ཊོ་ནེ་ (Anthony DeMauro) ལས་གཞི་འདི་བརྒྱུད་ང་ཚོས་རེ་བ་བྱེད་བཞིན་པ་ནི་ལས་གཞི་འདིས་ང་ཚོའི་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཡི་ཡོད་པ་དེ་ཡིན། ཞེས་བརྗོད་ཡོད་པ་དང་། ༧གོང་ས་མཆོག་གི་རྗེས་འཇུག་པའི་ལས་གཞི་དེའི་ནང་འཛམ་གླིང་ཤར་ནུབ་ཡོངས་ནས་གོ་སྐབས་འབུལ་དགོས་པའི་དགོངས་པ་ཡོད་པ་ལྟར། ད་ལྟ་ལས་གཞི་དེ་ནི་རྒྱ་གར་དང་འཇར་མན་ནེ། ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་གཞན་ཕན་དང་བྱམས་སྙིང་རྗེ་ཁྱབ་སྤེལ་གཏོང་མུས་ཡིན་པ་རེད།
༧གོང་ས་མཆོག་གིས་གཞན་ཕན་གྱི་བྱ་བ་བསྒྲུབ་རྒྱུ་ནི་མི་ཚེའི་ཕུགས་འདུན་ཡིན་ཞེས་གསུངས་པའི་བཀའ་དགོངས་འོག ༧གོང་ས་ཏཱ་ལའི་བླ་མའི་རྗེས་འཇུག་ལས་གཞི་དེ་ནི། ཕྱི་ལོ་ ༢༠༡༠ ལོར་ཐོག་མར་དབུ་ཚུགས་ཡོད་ཅིང་། ཨ་རིའི་ཝི་ཇི་ནེ་ཡ་གཙུག་ལག་སློབ་ཆེན་དང་སི་ཊན་ཧྥོ་ཌི་གཙུག་ལག་སློབ་ཆེན། ཁོ་ལོ་རེ་ཌོ་གཙུག་ལག་སློབ་ཆེན་བཅས་མཉམ་འབྲེལ་གྱིས་མགོ་བརྩམས་ཡོད་པ་དང་། ཨ་རིའི་ཧེ་མུ་རཱ་ (Hemera) ཐེབས་རྩ་དང་། མཱར་སི་ལཱ་(Marisla) ཐེབས་རྩ་ཁང་གཉིས་ཀྱིས་མཐུན་འགྱུར་བྱེད་ཀྱི་ཡོད་པ་ཞིག་ཡིན་འདུག