བལ་ཡུལ་གྱི་གློ་སྨོན་ཐང་ལས་སྨད་ཕྱོགས་གློ་བོའི་ཡུལ་དུ་ཆུ་ལོག་རྒྱུགས་ཏེ་ཁྱོན་ཁང་པ་ ༥༡ ཙམ་གཏོར་སྐྱོན་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་མཚན་མོའི་ཆུ་ཚོད་ ༩ ཡས་མས་ཙམ་ལ་བལ་ཡུལ་གྱི་བྱང་རྒྱུད་དུ་ཆགས་པའི་གློ་སྨོན་ཐང་སྟོད་སྨད་གཉིས་ལས་སྨད་ཕྱོགས་སུ་ཆུ་ལོག་རྒྱུགས་ཏེ། བཀག་ཐུབ་བསྟན་བསམ་འཕེལ་གླིང་དགོན་པ་དང་ཁྱིམ་ཚང་ ༢༥ ནས་ ༣༠ བར་གྱི་ཁང་པ་གཏོར་སྐྱོན་བཏང་ཡོད་ཀྱང་། མིར་གནོད་འཚེ་ཐེབས་པའི་གནས་ཚུལ་བྱུང་མེད་པ་རེད།
འདི་གའི་གསར་འགོད་པས་གློ་སྨོན་ཐང་གི་ས་གནས་ཡུལ་མི་ཞིག་ལ་ཆུ་ལོག་གི་གནས་སྟངས་སྐོར་སྐད་ཆ་དྲིས་པས་ཁོང་གིས། ནམ་རྒྱུན་གློ་བོ་སྟོད་ཁུལ་དུ་ཆར་བ་ཞེ་དྲགས་འབབ་ཀྱི་མེད། འོན་ཀྱང་། ཉེ་ལམ་ཉིན་གཉིས་བསྟུད་མར་ཆར་བ་བབས་པའི་རྐྱེན་གྱིས། གློ་བོ་སྨད་ཕྱོགས་བཀག་གྲོང་ཚོའི་ནང་དུ་ཆུ་ལོག་རྒྱུགས་ཏེ། བཀག་དགོན་པའམ་ཐུབ་བསྟན་བསམ་འཕེལ་གླིང་དགོན་པ་དང་། སྲང་ལམ་གྱི་དངུལ་ཁང་དང་མགྲོན་ཁང་། ཁྱིམ་ཚང་སོགས་ཀྱི་ཁང་པ་ ༢༥ ནས་ ༣༠ ཙམ་གཏོར་སྐྱོན་བཏང་བ་རེད། ཅེས་བརྗོད་བྱུང་།
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ད་ལྟའི་ཆུ་ལོག་ཁྲོད་མགྲོན་ཁང་དང་ཁང་པ་ཆེ་གྲས་བཅོ་ལྔ་ཙམ་གཏོར་སྐྱོན་ཐེབས་ཡོད་པ་དང་རང་བདག་ཁང་པ་ཆེ་ཆུང་ཚང་མ་བསྡོམས་ན་ཁྱོན་ཁང་པ་ ༥༡ གཏོར་སྐྱོན་བཏང་ཡོད་འདུག ད་ལྟའི་ཆུ་ལོག་རྒྱུག་ཡུལ་གོག་གྲོང་ཚོ་ནི་གློ་བོ་སྨད་ཀྱི་ས་ཁུལ་ཏེ། ཆུ་མིག་བརྒྱ་རྩའི་ཉེ་འགྲམ་དུ་ཁེལ་ཞིང་། བཀག་དགོན་པའམ་ཐུབ་བསྟན་བསམ་འཕེལ་གླིང་ནི་དཔལ་ས་སྐྱའི་དགོན་ལག་ཡིན་པ་དང་ད་ལྟ་དགོན་པ་དེར་ཁྱོན་དགེ་འདུན་པ་བརྒྱ་མ་ཟིན་ཙམ་ཡོད་འདུག
ད་ལྟ་གློ་བོ་རྫོང་གསར་གྱི་ཁྱབ་ཁོངས་སུ་གད་སྨད་། སྨོན་ཐང་། རྩེ་རང་། ཚོ་ཤར། ཚོ་ནུབ། ཟུར་ཁང་བཅས་གློ་སྟོད་ཚོ་བ་བདུན་དང་། སྤག་གླིང་། ད་ཀ་རྫོང་། ཕི་ལག བཀག་རྫོང་བཅས་ཡུལ་ཚོ་བཞི་དང་། རྫར། རྫོང་། གཏེར་རི། ཆོས་འཁོར། པུ་ཊག ཁྱེན་འགའ་སོགས་ཆུ་མིག་བརྒྱ་རྩའི་ཡུལ་ཚོ་དྲུག ཚུགས། སྟང་པད་བཅས་གློ་སྨད་ཚོ་བ་བཅུ་གཉིས། ཐ་ཀ་ལི་ཚོ་བ་ལྔ་བཅས་ཡོད། གློ་བོའི་ས་ཁོངས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༣༥༧༣ དང་། ཆ་སྙོམ་གྱི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨིད་ ༢༥༦༧ ཡོད་ལ། ཕྱི་ལོ་ ༢༠༡༡ ལོའི་མི་འབོར་ཞིབ་བཤེར་ལྟར་ན་གློ་བོའི་མི་གྲངས་ནི་ ༡༣༤༥༢ ཡིན་པ་དང་། གློ་སྟོད་ཀྱི་ཤར་ནུབ་བྱང་གསུམ་ནི་ད་ལྟའི་མངའ་རིས་ས་ཁུལ་རྫོང་བརྒྱད་ཕྱེས་ཡོད་པ་ལས་སྤུ་ཧྲེང་རྫོང་དང་ས་འབྲེལ་ཡིན་པ་དང་། གཞིས་རྩེ་རྫོང་ཁག་བཅོ་བརྒྱད་ཕྱེས་ཡོད་པའི་འབྲོང་པ་རྫོང་གི་ནུབ་བྱང་ཕྱོགས་དང་ས་འབྲེལ་ཡིན་འདུག་ལ། གློ་སྨད་ནི་སྙེ་ཤང་ (Sakya) དང་དོལ་པོའི་བྱང་ཤར་བརྒྱུད་དང་ས་འབྲེལ་ཡིན་པ་རེད།