དེ་རིང་སིམ་ལ་ཀཱ་སོལ་ལི་བོད་མིའི་ཁྲོམ་ར་སྟོང་པ་བཟོ་དགོས་བྱུང་ཡོད་པས་མ་འོངས་པར་ཁྲོམ་ར་དེར་ཡོད་པའི་ཁྱིམ་ཚང་ ༢༡ དེས་མུ་མཐུད་ཚོང་ལས་གཉེར་བར་ཁྲོམ་ས་གཞན་ཞིག་རག་མིན་ཐད་སེམས་འཁུར་བྱེད་བཞིན་འདུག
ཧི་མ་ཅལ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གིས་སིམ་ལ་ཀཱ་སོལ་ལི་བོད་མིའི་ཁྲོམ་ར་(Tibetan Market)དེ་ཁྲིམས་མཐུན་མིན་པའི་ངོས་འཛིན་གནང་ཡོད་པ་མ་ཟད། ས་ཆ་དེ་དམག་སྒར་གྱི་ས་ཁོངས་ཡིན་པའི་གནས་སྟངས་འོག དེ་རིང་ཕྱི་ཚེས་ ༢༨ ཉིན་ཁྲོམ་ར་དེར་ཡོད་པའི་ཁྱིམ་ཚང་ ༢༡ གིས་ཁྲོམ་ས་གཏོར་ནས་སྟོང་པ་བཟོས་ཡོད་འདུག་ལ། ད་ལྟའི་ཆར་ཁོང་ཚོར་ཁྲོམ་ས་གཞན་གཏན་འཁེལ་མེད་པས་མ་འོངས་པར་མུ་མཐུད་ཚོང་ལས་གཉེར་ཐབས་ཐོག་སེམས་འཁུར་བྱེད་བཞིན་འདུག
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སིམ་ལ་བོད་ཀྱི་ཁྲོམ་རའི་ཚོང་པ་བཀྲ་ཤིས་རྡོ་རྗེ་ལགས་ལ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ཕྱི་ལོ་ ༡༩༧༠ ནས་ ༡༩༧༥ ཙམ་དུ་སིམ་ལའི་དམག་སྒར་གྱིས་ས་ཆ་འདི་བོད་པར་སྤྲད་པ་ཞིག་རེད། སྐབས་དེ་ངའི་སྤོ་ལགས་དང་རྨོ་ལགས་ཀྱི་སྐབས་སུ་རེད་ལ། བོད་པའི་ནང་མི་བདུན་ཙམ་ཡོད་པ་རེད། སྔོན་མ་འདིར་རྒྱ་གར་བའི་ཁྲོམ་ས་ཡོད་པ་མ་རེད། ག་ལེར་རྒྱ་གར་བའང་སླེབས་མགོ་ཚུགས་སོང་། ཕྱི་ལོ་ ༢༠༠༡ ནང་ཁྲོམ་ས་འདི་ཡང་བསྐྱར་དམག་མིའི་ས་ཁོངས་སུ་ཚུད་དེ་ཚོང་ལས་གཉེར་ཆོག་གི་མེད་པར་བརྟེན། མངའ་སྡེའི་མཐོ་རིམ་ཁྲིམས་ཁང་ནས་ཚོང་ཁང་གཏོར་དགོས་པའི་བཀའ་བཏང་ཡོད་ཀྱང་། སྐབས་དེའི་དཔོན་པོ་བརྗེ་བོ་བརྒྱབ་རྗེས། བོད་པར་དཀའ་ངལ་ཡོད་པ་ཤེས་ནས་ཁྲོམ་སར་ལྕགས་ཁང་བསྐྱར་དུ་རྒྱག་བཅུག་ཡོད་པ་རེད། སྐབས་དེར་ཁྲོམ་སར་བོད་པའི་མི་ཚང་བདུན་དང་། རྒྱ་གར་བ་གསར་པ་འགའ་བཅས་ཁྱོན་ཁྱིམ་ཚང་ ༢༡ ཆགས་པ་རེད། དེའི་རྗེས་སུ་རྙོག་དྲ་བྱུང་མེད་ཀྱང་། ཏོག་དབྱིབས་གཉན་རིམས་སྐབས་སུ་ཁྲོམ་སའི་རྒྱ་གར་ཁྱོ་ག་ཞིག་དང་སྐྱེས་དམན་གཉིས་ཀྱི་བར་དུ་རྩོད་པ་ཆེན་པོ་ཞིག་བྱུང་བ་རྐྱེན་བྱས་ཏེ། ཁྲོམ་ས་དེར་ཁྲིམས་འགལ་གྱི་ཐོག་ནས་ཚོང་ཁང་བཙུགས་ཏེ་ཚོང་རྒྱག་བཞིན་ཡོད་སྐོར་ཁྲིམས་གཏུགས་བྱས་པ་རེད་ལ། དམག་སྒར་གྱིས་རྙོག་དྲ་འདི་མེད་ན་ཡག་པོ་འདུག་བསམ་ནས་ཁྲོམ་སར་སུ་གང་སྡོད་བཅུག་རྒྱུ་མིན་ལབ་སྟེ། ཟླ་འདིའི་ཚེས་ ༢༨ བར་དུ་གཙང་མ་བཟོ་དགོས་པའི་གསལ་བསྒྲགས་གནང་བ་རེད། ང་ཚོས་ཁྲོམ་ས་གཙང་མ་བཟོས་ཚར་རྗེས་ཁྲོམ་ས་རྣམས་ཡར་ལས་ཁུངས་སུ་འབུལ་རྒྱུ་ཡིན། ཞེས་བརྗོད་བྱུང་།
ཁྲོམ་ས་མེད་པའི་དཀའ་ངལ་གྱི་སྐོར་ནས་ཁོང་གིས། ང་ཚོས་ལོ་ ༤༠ ཙམ་རིང་ཁྲོམ་ས་འདི་ལ་བརྟེན་ནས་འཚོ་བ་བསྐྱལ་ཡོད་པ་རེད། ད་ལྟའི་ཆར་ཁྲོམ་ས་མེད་དུས་ལས་ཀ་གང་ཡང་མེད་པས་ཁག་པོ་ཆགས་ཀྱི་འདུག དགུན་ཚོང་ཅན་རྡི་གྷར་གྱི་གཡས་གཡོན་ལ་འགྲོ་བཞིན་ཡོད་ཀྱང་དེ་ལ་ཧ་ལས་པའི་ཚོང་ཡོད་པ་མ་རེད། གཙོ་བོ་འདི་རུ་ཚོང་བརྒྱབ་ནས་འཚོ་བ་སྐྱེལ་བཞིན་ཡོད། ང་ཚོ་ས་ཆ་འདི་རུ་སྐྱེས་བ་རེད་ལ། ས་ཆ་གཞན་དུ་འགྲོ་རྒྱུ་སོགས་གང་ཅིའི་ཐད་ནས་ཁག་པོ་ཆགས་ཀྱི་འདུག དམག་སྒར་བརྒྱུད་ནས་རོགས་པ་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཀྱང་ད་ལྟའི་ཆར་གནས་སྟངས་ཁག་པོ་འདུག ཅེས་འགྲེལ་བརྗོད་གནང་བྱུང་།
ཐོག་མར་མངའ་སྡེ་གཞུང་ནས་ཁྲོམ་ས་དེའི་སྐོར་ལ་བཀའ་རྒྱ་འབྱོར་སྐབས། ཁྲོམ་སའི་མི་མང་གིས་དམག་སྒར་ནས་མོས་མཐུན་ཡོད་པའི་ཐོག་ནས་ཁྲོམ་ར་དབུ་འབྱེད་བྱས་པའི་འདྲ་པར་དང་འབྲེལ་ཡོད་ཡིག་ཆ་སོགས་འཁུར་ནས་ཁྲིམས་ཁང་དུ་ཕྱིན་ཡོད་ཀྱང་ཕན་ཐོགས་བྱུང་མེད་པ་མ་ཟད། ཆུ་ཚོད་ ༢༤ ནང་ཁྲོམ་ས་གཙང་མ་བཟོ་དགོས་སྐོར་བཀའ་བཏང་ཡོད་ཀྱང་། ཕྱིས་སུ་འགྱུར་བ་བཏང་སྟེ་དེ་རིང་ཕྱི་ཚེས་ ༢༨ བར་དུ་གཙང་མ་བཟོ་དགོས་པའི་ཐག་གཅོད་བྱུང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
སིམ་ལ་མརེད། སོ་ལན་རྫོང་ཁོངས་ཀཱ་སོལ་ལི་ས་གནས་སུ་ཡིན་འདུག་པ་ནོར་བཅོས་ཞུ།