ཕྱོགས་སྐྱོད་སྤྱི་འཐུས་ཁག་ཅིག་གིས་རྒྱ་གར་དང་རྒྱ་ནག་བར་ལ་ས་མཚམས་ཟེར་བ་ཞིག་མེད་པ་དང་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་མཚམས་འཇོག་བྱེད་པར་རྒྱ་ནག་གཞུང་དང་ལྷན་དུ་ཚོང་འབྲེལ་དང་ཉོ་ཚོང་མཚམས་འཇོག་དགོས་སྐོར་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་རྒྱ་གར་ཨ་རུ་ན་ཅལ་མངའ་ཁུལ་དང་། རྒྱ་གར་གྱི་བྱང་ཤར་མཐའ་མཚམས་ཨག་སའི་ (Aksai Chin) བཅས་རྒྱ་ནག་གི་ས་ཁོངས་ཡིན་ཟེར་བའི་གཞུང་འབྲེལ་ས་ཁྲ་་ཞིག་འདོན་སྤེལ་བྱས་པ་དང་འབྲེལ། རྒྱ་གར་གྱི་(TIMESNOW) གསར་ཁང་གིས་་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་བཅས་ལ་བཅར་འདྲི་ཞུས་འདུག་པའི་ལན་དུ། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་བཙན་བཟུང་བྱས་པ་ནས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཟེར་བ་བྱུང་བ་མ་གཏོགས། དེ་ནི་དོན་དངོས་ཐོག་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པ་དང་། རྒྱ་ནག་གཞུང་ལ་ས་མཚམས་དེ་དག་རྒྱ་ནག་གི་ཡིན་ཟེར་རྒྱུའི་ཐོབ་ཐང་མེད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ས་མཚམས་ཀྱི་ས་ཆ་མང་པོ་ཞིག་བདག་བཟུང་བྱས་དང་བྱེད་མུས་ཡིན་སྟབས། རྒྱ་ནག་གི་ཐོན་རྫས་སོགས་ཉོ་ཚོང་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་གནང་འདུག
ཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇའེ་ཤན་ཁར (Subrahmanyam Jaishankar) ལགས་ཀྱིས། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་ཁུལ་དང་ རྒྱ་གར་གྱི་བྱང་ཤར་མཐའ་མཚམས་ཨག་སའི་ (Aksai Chin) ཁུལ་རྒྱ་ནག་གི་ས་ཁོངས་ཡིན་ཟེར་བར་རྒྱ་གར་གྱིས་ངོས་ལེན་མེད་པ་མ་ཟད། མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་ལན་འདེབས་བྱས་འདུག་ལ། འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་ཁུལ་གྱི་ས་ཆ་ ༡༡ མིང་བརྗེ་བསྒྱུར་བྱས་ཏེ། ས་ཆ་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་བསྒྲགས་པར་ཨ་རུ་ན་ཅལ་མངའ་སྡེའི་མི་མང་དང་རྒྱ་གར་གཞུང་མང་གཉིས་ནས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ལ། སྐབས་དེར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོད་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཀྱང་། རྒྱ་ནག་ལ་ངོ་རྒོལ་དང་འབྲེལ་བོད་མི་ཚོ་རྒྱ་གར་མི་མང་མཉམ་དུ་ཡོད་ཅེས་ལས་འགུལ་སྤེལ་ཡོད།
རྒྱ་ནག་གཞུང་གིས་བཏོན་པའི་ས་ཁྲ་དེའི་ནང་། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་ཁུལ་ས་གནས་དང་བྱང་ཤར་མཐའ་མཚམས་ཨག་སའི་ཆིན་ས་ཁུལ་ཙམ་དུ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྩོད་རྙོག་ཏུ་གྱུར་བའི་ (nine-dash line) ཟེར་བའི་མཚོ་ཁུལ་ཡང་རྒྱ་ནག་གི་ས་ཁོངས་སུ་བཅུག་སྟེ། ། ཐའེ་ཝན་ཚུད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་བརྒྱ་ཆ་མང་ཤོས་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པར་བསྟན་ཡོད་ཀྱང་། དོན་དངོས་ཀྱི་མཚོ་ཁུལ་དེ་ནི་ཐའེ་ཝན་རང་བཙན་རྒྱལ་ཁབ་གཙོ་བྱས་པའི་ཝེ་ཏི་ནམ་དང་ཧྥེ་ལི་ཕིན། མ་ལི་ཞི་ཡ། བྷིར་ནེའུ་ (Brunei) བཅས་རྒྱལ་ཁབ་ཚང་མས་བདག་དབང་རྩོད་བཞིན་པའི་མཚོ་ཁུལ་ཞིག་ཆགས་ཡོད་པ་རེད།
ཡང་ས་ཁྲ་དང་འབྲེལ་ནས་རྒྱ་ནག་གི་རང་བྱུང་ཐོན་ཁུངས་བློན་ཆེན་ལས་ཁུངས་ཀྱི་སྤྱི་ཁྱབ་གྲོས་འདོན་པ་ཝོ་ཝིན་ཀྲོང་ (Wu Wenzhong) ཟེར་བས། ས་བཤད་རིག་པ་དང་འབྲེལ་ནས་ཞིབ་འཇུག འཆར་འགོད་བཅས་ཀྱིས་རྒྱལ་ཁབ་(རྒྱ་ནག་)འཕེལ་རྒྱས་ཀྱི་གལ་གནད་གཙོ་བོ་ཞིག་བཟུང་ཡོད། ཅེས་དང་། མ་འོངས་པར་རྒྱ་ནག་གཞུང་གིས་ས་ཁྲ་དེ་དེང་རབས་དྲ་ལམ་རང་བཞིན་ལྡན་པའི་ས་ཁྲར་བཟོས་ཏེ། ཕྱོགས་ཡོངས་ཀྱི་ས་ཁོངས་རྟོག་ཞིབ་དང་དཔལ་འབྱོར་གོང་སྤེལ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག
ད་ལན་རྒྱ་དཀར་ནག་དབར་གྱི་རྩོད་རྙོག་དེ། ཉེ་ལམ་རྒྱ་གར་སྲིད་བློན་མུ་དྷི་དང་ཞི་ཅིན་ཕིན་གཉིས་ (BRICS) ཚོགས་ཆེན་གྱི་ཟུར་དུ་ཐུག་སྟེ་ས་མཚམས་རྩོད་རྙོག་སྐོར་གླེང་སློང་བྱས་རྗེས་བྱུང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་སྟེ་རྒྱ་གར་གྱི་དམག་མི་ ༢༠ དང་རྒྱ་ནག་གི་དམག་མི་བཞི་བཅས་རྐྱེན་འདས་སུ་ཕྱིན་ཡོད་ལ། ད་ལྟའང་རྒྱ་དཀར་ནག་གཉིས་བར་ལ་དྭགས་དང་ཨ་རུ་ན་ཅལ་སོགས་ཧི་མ་ལ་ཡའི་ས་ཁུལ་མང་པོར་ས་མཚམས་རྩོད་རྙོག་གི་དཀའ་ངལ་བྱུང་དང་འབྱུང་གི་ཡོད་པ་རེད།