རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་དང་གདན་ས་སེ་ར་དགོན་སོགས་སུ་ལྟ་སྐོར་དུ་ཁྲིད་འདུག
རྒྱ་ནག་གཞུང་གིས་མགྲོན་འབོད་བྱས་པ་ལྟར། ཕྱི་ཟླ་ ༨ ཚེས་ ༢༩ ནས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ཀྱི་རྒྱལ་ས་འབྱོར་ཡོད་ཅིང་། ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་ནང་དུ་ཝེ་ནེ་ཛུ་ལཱ་(Venezuela)་དང་། ནི་ཁཱ་རཱ་གྷུ་(Nicaragua) བྷེ་ལཱ་རུ་སུ (Belarus) པ་ཀི་སི་ཐན། ( Pakistan ) ཁུ་བྷ་(Cuba)་བཅས་ཀྱི་རྒྱལ་ཁབ་ལྔའི་གཞུང་ཚབ་པ་རྣམས་ལྟ་སྐོར་བྱེད་བཞིན་ཡོད་འདུག
རྒྱལ་སྤྱིིའི་སྤྱི་ཚོགས་ཀྱིས། ཕྱི་ལོ་ ༢༠༢༤ ལོའི་ཟླ་དང་པོར་རྒྱལ་ཚོགས་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ལྟ་ཞིབ་མ་བྱས་གོང་། ཐེངས་འདིིའི་རྒྱལ་ཁབ་ལྔའི་ལྟ་སྐོར་དེ་ནི་རྒྱ་ནག་གཞུང་གིས་ཆེད་དུ། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པར་ཁ་གཏད་གཅོག་ཆེད་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་ལ། ཊུ་ཝི་ཊར་དྲ་བའི་སྟེང་། ཐེངས་འདིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་ནི་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་རྐྱང་བའི་འཐུས་མིས་གྲུབ་ཡོད་སྐོར་གླེང་སློང་བྱས་འདུག
རོའུ་ཊར་གསར་ཁང་གི་གནས་ཚུལ་ནང་། སྤྱིར་བོད་ནང་གཞུང་འབྲེལ་ལྟ་སྐོར་དུ་འགྲོ་རྒྱུ་ནི་ཤར་ཊུ་ཀི་སི་ཐན་ནང་གཞུང་འབྲེལ་ལྟ་སྐོར་འགྲོ་བ་ལས་དཀོན་པོ་ཡིན་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་མཱ་ཀྲའོ་ཞུས་ཟེར་བས་བོད་ཚར་གཅིག་ཀྱང་མ་གླེང་བར་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེར་ཐུག་འཕྲད་བྱས་ཡོད་ཅེས་བརྗོད་ཡོད་པ་དང་། ཐེངས་འདིར་སྐུ་ཚབ་ཚོགས་ཆུང་དེའི་གྲས་ཀྱི་ཚོགས་མི་སུ་དང་སུ་བོད་ནང་སོང་ཡོད་མེད་བཤད་ཚོད་ཐིག་གི་མེད་སྐོར་སོགས་བརྗོད་འདུག
འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་མི་སྣས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནས་དོན་ཐོག་སེམས་འཚབ་ཡང་དང་བསྐྱར་དུ་བསྟན་ཡོད་ཅིང་། ཟླ་སྔོན་མའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྟོག་ཞིབ་ཚོགས་པ་གསུམ་ཐུན་མོང་གིས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དགུའི་གནས་སྟངས་ཐད་སེམས་འཚབ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལས་འགུལ་བ་དགུའི་གནས་སྟངས་གསལ་བཤད་དགོས་པའི་སྐུལ་མ་བྱས་ཡོད་པ་རེད།
ཡང་ཕྱི་ཟླ་ ༨ པའི་ནང་། བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་རྒྱ་ནག་གཞུང་གིས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་བསྒྱུར་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དང་འབྲེལ་ནས། ཨ་རིས་སྲིད་ཇུས་དེའི་རྒྱབ་ཀྱི་དམར་ཤོག་ཚོགས་པའི་འབྲེལ་ཡོད་དཔོན་རིགས་འགའ་ཨ་རིའི་ཐོངས་མཆན་སྤྲད་རྒྱུ་མིན་པ་སོགས་ཀྱི་ཉེས་ཆད་བཅད་པ་ཡོངས་བསྒྲགས་བྱས་ཡོད་ལ། སྐབས་དེར་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ཨ་རིའི་བྱེད་ཕྱོགས་དེར་སྐྱོན་བརྗོད་དང་སྦྲགས། ཨ་རིར་རྒོལ་ལན་གཅིག་མཚུངས་བསློག་རྒྱུ་ཡིན་པའི་ལན་འདེབས་བྱས་ཡོད་པ་རེད།