བོད་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་སྡེ་ ༡༤༣ གྱིས་རྒྱ་ནག་གཞུང་གིས་བོད་ནང་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་མཚམས་འཇོག་དང་བཅའ་སྡོད་སློབ་གྲྭའི་གནས་སྟངས་སྐོར་རྒྱལ་ཁབ་ཉི་ཤུའི་མགོ་འཁྲིད་ཚོར་སྙན་གསེང་ཞུས་འདུག
ཟླ་འདིའི་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་འཚོག་ལ་ཉེ་བ་བསྟུན། དེ་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གཙོ་བྱས་པའི་བོད་ཀྱི་འཐབ་རྩོད་རྩོད་ལེན་དང་འབྲེལ་བའི་ཨེ་ཤ་ཡ་དང་ཨ་མེ་རི་ཁ། ཨ་ཧྥེ་རི་ཁ་སོགས་ཀྱི་ཚོགས་སྡེ་ཁག་ ༡༤༣ མཉམ་འབྲེལ་གྱི་ཐོག་ནས། རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་། རྒྱ་ནག་གིས་བོད་ནང་དྲག་གནོན་བྱེད་བཞིན་པའི་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ་ཡོད་འདུག
ཚོགས་སྡེ་ཁག་དེ་དག་ནས་རྒྱལ་ཁབ་ཉི་ཤུའི་མགོ་འཁྲིད་ཚོར་ཕུལ་བའི་ཞུ་ཡིག་ནང་། རྒྱ་ནག་གཞུང་གིས། ལོ་ན་ ༦ ནས་ ༡༨ བར་གྱི་བོད་པའི་བྱིས་པ་ས་ཡ་གཅིག་ལྷག་བཙན་གྱིས་རང་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་ཐབས་བཀོད་རང་བཞིན་ལྡན་པའི་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པ་དང་། ལོ་ན་ ༤ ནས་ ༥ བར་གྱི་བྱིས་པ་ཁྱོན་ ༡༥༠༠༠༠ ཙམ་སྔོན་འགྲོའི་བཅའ་སྡོད་སློབ་གྲྭར་བཅུག་སྟེ་གཟའ་འཁོར་གཅིག་ནང་ཉིན་གྲངས་ ༥ རིང་སློབ་གྲྭ་རང་ནས་འདུག་དགོས་པ་སོགས་བཟོས་ཏེ། བོད་ཀྱི་སྐད་ཡིག་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། དེས་བོད་ཀྱི་མི་རབས་མང་པོར་སོ་སོའི་སྐད་དང་ཡི་གེ ངོ་བོ་སོགས་བརླག་པའི་ཉེན་ཁ་ཚབས་ཆེན་འཕྲད་རྒྱུ་ཡིན་པས། རྒྱལ་ཁབ་ཉི་ཤུའི་མགོ་འཁྲིད་ཚོས་གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་ཐོག་ལངས་ཕྱོགས་འཛིན་དགོས་པ་ནན་སྐུལ་ཞུས་འདུག
བཅའ་སྡོད་སློབ་གྲྭའི་གནས་སྟངས་དང་འབྲེལ་ནས། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱབ་འགལ་ཐོག བཅའ་སྡོད་སློབ་གྲྭའི་གནས་སྟངས་དེ་ནི་གཞི་རྒྱ་ཆེ་ཞིང་རྒྱ་ནག་གཞུང་གིས་བོད་དེ་རྒྱ་བསྒྱུར་གྱི་སྲིད་ཇུས་ཤིག་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།
ཡང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྡེ་དེ་དག་གིས། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་མགོ་འཁྲིད་ཚོས། ཚོགས་ཆེན་སྟེང་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ཏེ། རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་བཅའ་སྡོད་སློབ་གྲྭ་སྲིད་ཇུས་མཚམས་འཇོག་དགོས་པའི་སྐུལ་མ་བྱེད་དགོས་པ་མ་ཟད། རྒྱལ་ཁབ་སོ་སོའི་འབྲེལ་ལམ་དང་མཉམ་འབྲེལ་སོགས་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བཅའ་སློབ་གྲྭའི་གནད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག་ལ། མཇུག་ཏུ་རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་གསལ་ལྟར་བོད་ཀྱི་སྐད་ཡིག་གོང་སྤེལ་དང་ཉར་ཚགས་བྱ་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ལོ་རྒྱུས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་བཟོས་ཏེ། ཉིན་རེའི་འཚོ་བ་ཡིན་ཕྱིན་སོགས་རྒྱ་བསྒྱུར་བྱེད་བཞིན་པར་ངོས་ལེན་མེད་པ་དང་མཐའ་གཅིག་ཏུ་དགག་པ་ཡོད་སྐོར་བརྗོད་འདུག
ཨ་རིའི་རང་དབང་ཁང་པའི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༢༡ ལོའི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༢༠༠ ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་དེ་ཡིན་པ་བཀོད་ཡོད་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་ཇུས་ཟེར་བ་ལག་བསྟར་གྱིས་སྔར་ལས་ལྷག་པའི་དམ་དྲག་ཚོད་མེད་བྱས་ཏེ། བོད་མི་གཙོས་རྒྱ་ནག་གི་དབང་འོག་ཏུ་གནས་པའི་མི་མང་ས་ཡ་མང་པོར་དཀའ་སྡུག་ཚད་མེད་སྤྲད་པ་སོགས་ལ་བརྟེན་ནས་ལོ་དེ་ནི་ཉེ་བའི་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་ཚོད་ཅིག་ཏུ་གྱུར་ཡོད་པའི་སྙན་ཐོ་བཏོན་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།