རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་བདག་དབང་རྩོད་རྙོག་དང་འབྲེལ་ཕྱོགས་གཉིས་ནས་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་དང་བསྟུན། རྒྱ་གར་གྱིས་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་ ༩༠ གསར་དུ་བསྐྲུན་མགོ་བརྩམས་འདུག
ད་ལྟའི་ཆར་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་གི་བདག་དབང་དང་འབྲེལ་ནས། རྒྱལ་ཁབ་གཉིས་ཀྱིས་ས་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱ་གར་གཞུང་གིས། འགྲོ་གྲོན་ཧིན་སྒོར་ཀ་རོ་ ༢༩༠༠ ལྷག་བཏང་སྟེ། རྒྱ་གར་གྱི་མངའ་སྡེ་ ༡༡ དང་རང་སྐྱོང་ས་ཁུལ་བཅས་ས་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་ཁྱོན་ ༩༠ མགོ་འཛུགས་བྱས་པ་ཡོངས་བསྒྲགས་བྱས་ཡོད་ཅིང་། ས་མཚམས་ཀྱི་འཛུགས་སྐྲུན་ལས་གཞི་དེ་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ (Rajnath Singh) ལགས་ཀྱིས་དབུ་འབྱེད་བྱས་ཡོད་པ་རེད།
དེ་འབྲེལ་རྒྱ་གར་བང་ཆེན་གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་གར་གྱི་མཐའ་མཚམས་ཁུལ་གྱི་འཛུགས་སྐྲུན་དེ་དག་རྒྱ་དཀར་ནག་བར་གྱི་གཞུང་འབྲེལ་ཐིག་མཚམས་(LAC)ཁུལ་ཏེ། ཨ་རུ་ན་ཅལ་མངའ་སྡེ་དང་ལ་དྭགས་རང་སྐྱོང་ས་ཁུལ། འབྲས་ལྗོངས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་ཁྱོན་ ༦༤ ལག་བསྟར་དང་། ཇ་མུ་ཀ་ཤི་མུར་ཁུལ་དུ་འཛུགས་སྐྲུན་ལས་གཞི་ ༡༡། དེ་བཞིན། བྱང་ཤར་མངའ་སྡེ་མའེ་རྫོ་རམ་(Mizoram) ནང་ལས་གཞི་ལྔ་དང་ཧི་མ་ཅལ་མངའ་སྡེའི་ནང་ ༣། བྱང་ཕྱོགས་མངའ་སྡེ་ཨོ་ཊར་ཁན་ (Uttarakhand) དང་ནུབ་བྷན་གྷལ་ནང་གཉིས་རེ་དང་། ནཱ་གྷ་ལན་ཌི་(Nagaland)དང་ར་ཇི་སི་ཐན་(Rajasthan)། ཨན་ཌམ་དང་ནེ་ཁོ་བྷར་ (Andaman and Nicobar) མཚོ་གླིང་ངམ་རང་སྐྱོང་ཁུལ་བཅས་ཀྱི་ནང་འཛུགས་སྐྲུན་ལས་གཞི་གཅིག་རེ་བཅས་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་རེད་ལ། ལས་གཞིའི་ཁྲོད། ཨ་རུ་ན་ཅལ་མངའ་སྡེའི་ (Nechiphu) ས་འོག་ཕུག་ལམ་གཙོས་ནུབ་བྷན་གྷལ་ནང་གནམ་ཐང་གཉིས་དང་། གཞན་ཡང་ཐད་འཕུར་གནམ་གྲུ་བབས་ཚིགས་གཉིས། ཟམ་པ་ ༦༣ དང་གཞུང་ལམ་ ༢༢ བཅས་ཡོད་པ་རེད།
རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ (Rajnath Singh) ལགས་ཀྱིས། ལ་དྭགས་བྱང་ཐང་ནུ་མའི་ཁུལ་དུ་མཁའ་དམག་འབབ་ཚུགས་བསྐྲུན་རྒྱུ་ཡིན་པ་དེས། ལ་དྭགས་ཀྱི་ཤར་ཕྱོགས་སུ་ཡོད་པའི་རྒྱ་གར་གྱི་མདུན་སྐྱོད་དམག་གི་རུ་ཁག་གཏན་ཚུགས་པ་དང་། ང་ཚོའི་དམག་སྲིད་ཀྱི་བྱ་གཞག་ལ་གྲུབ་འབྲས་ཐོན་པའི་གནད་དོན་ཞིག་ཆགས་ཡོད་ཅེས་བརྗོད་ཡོད་པ་དང་། འཛུགས་སྐྲུན་གྱི་ལས་གཞི་དེ་དག་གིས། མ་འོངས་པར་ས་མཚམས་ཁག་ཏུ་དོན་རྐྱེན་ཅི་ཞིག་བྱུང་ཡང་རྒྱ་གར་གྱི་དམག་མི་དང་གོ་མཚོན་སོགས་མགྱོགས་མྱུར་མཐའ་མཚམས་ཁག་ཏུ་སྐྱེལ་འདྲེན་ཐུབ་པ་བཟོ་རྒྱུ་དང་དམིགས་བསལ་མཐའ་མཚམས་ཀྱི་མི་མང་འབྲེལ་འདྲིས་ཐུབ་པ་ཞིག་ཏུ་གཏོང་གི་ཡོད་འདུག
རྒྱ་གར་བང་ཆེན་གྱི་གནས་ཚུལ་ནང་། ཨ་རུ་ན་ཅལ་མངའ་སྡེའི་ནང་མེ་ཊར་ ༥༠༠ རིང་ལྡན་པའི་ཕུག་ལམ་དེས་རྟ་དབང་གི་གཞུང་ལམ་བརྒྱུད། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སེ་ལ་ཐུག་ལམ་བར་མཐུད་ཀྱི་ཡོད་ཅིང་། ཕུག་ལམ་དེ་གཉིས་ཀྱིས་རྟ་དབང་ཁུལ་གཙོ་བྱས་པའི་ཨ་རུ་ན་ཅལ་མངའ་སྡེའི་མཐའ་མཚམས་སུ་འཁེལ་བའི་ཐིག་མཚམས་ཁག་དང་མཐུད་ཀྱི་ཡོད་འདུག
ཐེངས་འདིའི་འཛུགས་སྐྲུན་གྱི་ལས་གཞི་དབུ་འབྱེད་དེ་རྒྱ་གར་རྒྱལ་སྲུང་ལས་ཁུངས་ཀྱི་བཀོད་ཁྱབ་འོག རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་ཚོགས་པས་འགན་ཁུར་གྱི་ཡོད་ཅིང་། ཕྱི་ལོ་ ༢༠༢༥ བར་ལེགས་འགྲུབ་བྱུང་བའི་ཚོད་དཔག་བྱེད་བཞིན་འདུག ཕྱི་ལོ་ ༢༠༢༢ ལོར་རྒྱ་གར་གཞུང་གིས་ཧིན་སྒོར་ཀ་རོ་ ༢༩༠༠ ཙམ་གྱི་འགྲོ་གྲོན་བཏང་སྟེ་རྒྱ་དཀར་ནག་བར་གྱི་ཐིག་མཚམས་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་ ༡༠༣ ལེགས་འགྲུབ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་ཧིན་སྒོར་ཀ་རོ་ ༢༢༠༠ ལྷག་བཏང་སྟེ་ས་མཚམས་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་ ༡༠༢ ལེགས་འགྲུབ་བྱུང་ཡོད་འདུག