རྒྱ་ནག་གཞུང་གི་བཙན་གནོན་འོག་མནར་གཅོད་མྱོང་བཞིན་པའི་བོད་དང་སོག་པོ། ཡུ་གུར། ཐའེ་ཝན་སོགས་ཀྱི་ལས་འགུལ་བ་མཉམ་འཛོམས་ཀྱི་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཚོགས་འདུའི་ཐོག་གི་བསམ་ཚུལ་རྣམས་གཅིག་ཏུ་བསྡུས་བའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།
དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཚོགས་འདུའི་དཔྱད་རྩོམ་ཕྱོགས་སྒྲིག་གི་དཔེ་དེབ་དབུ་འབྱེད་གནང་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ཉམས་ཞིབ་པ་རིག་སྨོན་ཚེ་རིང་བསམ་འགྲུབ་ལགས་བཅས་ཉམས་ཞིབ་པ་ཁག་ཅིག་འཛོམས་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་དཔེ་དེབ་དེའི་སྐོར་ངོ་སྤྲོད་གནང་དོན། དཔེ་དེབ་མདུན་ངོས་ཀྱི་ས་ཁྲ་འབྲི་དགོས་དོན་ལོ་རྒྱུས་ཐོག་ང་ཚོ་རང་བཙན་རྒྱལ་ཁབ་ཡིན་པ་དང་། མི་རིགས་སོ་སོའི་བསམ་ཚུལ་ཤུགས་ཆེན་མཚོན་པའི་ཆེད་དུ་ཡིན་ཞེས་དང་།རྒྱ་གར་གཞུང་གིས་བཀའ་འཁྲོལ་ཐོབ་ནས་རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མང་པོ་མཉམ་དུ་འཛོམས་པའི་ཚོགས་འདུ་ཐེངས་དང་པོ་རེད། སྔོན་མ་རྒྱ་གར་གཞུང་གིིས་དེའི་རིགས་ཀྱི་ཐོག་ལག་པ་འཆིང་གི་མེད་ཀྱང་།དེང་སང་དེའི་རིགས་ལ་ལག་པ་འཆིང་བཞིན་འདུག དེ་བཞིན་གོམ་པ་མདུན་སྤོ་བྱས་ཏེ་ཚོགས་འདུ་ཡང་འཚོགས་བཅུག་ཡོད། དེ་ལྟ་བུའི་ཐོག་ནས་ང་ཚོར་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་མཚོན་གྱི་འདུག དཔེ་དེབ་འདིའི་ནང་དོན་གཙོ་ཆེ་ཤོས་དེ་ཚོགས་བཅར་བ་ཚོའི་བསམ་ཚུལ་རེད། རྒྱ་ནག་གིས་བཙན་གནོན་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད་པའི་མི་རིགས་ཚང་མ་མཉམ་རུབ་བྱེད་དགོས་པའི་ཚོར་བ་གཅིག་མཚུངས་སུ་ཡོད་པ་དང་། མི་རིགས་དེ་དག་གིས་རྒྱ་ནག་ལ་འཛིན་པའི་བསམ་ཚུལ་ཡང་དེབ་འདི་ལས་གང་འཚམ་མཐོང་ཐུབ་པའི་རེ་བ་འཛིན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རིག་སྨོན་ཚེ་རིང་བསམ་འགྲུབ་ལགས་ཀྱིས། དཔེ་དེབ་འདི་ནི་ཉེ་སྔོན་གྱི་ཚོགས་འདུའི་སྐབས་ཀྱི་དཔྱད་རྩོམ་ཕྱོགས་སྒྲིག་བྱས་པ་ཞིག་རེད། དེབ་ཀྱི་ནང་དུ་ཁྱོན་བསྡོམས་རྩོམ་ ༢༠ ཡོད་ཅིང་། རྒྱ་ཡིག་ནང་དུ་རྩོམ་ ༡༦ དང་། དབྱིན་ཡིག་ཏུ་རྩོམ་ ༣ ། ཀོ་རི་ཡའི་ཡིག་ཐོག་ཏུ་རྩོམ་ ༡ བཅས་ཡོད། འདིའི་ནང་དུ་རྩོམ་པ་པོ་ ༡༡ ཚོགས་འདུ་ལ་དངོས་སུ་བཅར་ཏེ་གཏམ་བཤད་གནང་ཡོད་པ་དང་། རྩོམ་པ་པོ་ ༩ ལ་རྒྱ་གར་གཞུང་གི་སྲིད་ཇུས་འཛིན་ཕྱོགས་ཀྱིས་བཀའ་འཁྲོལ་ཐོབ་མེད་ཀྱང་། ཚོགས་བཅར་བ་གཞན་གྱིས་ཁོང་ཚོའི་རྩོམ་སྒྲོག་སྦྱངས་བྱས་ཡོད། དཔེ་དེབ་ནང་དུ་འཁོད་ཡོད་པའི་སོག་པོའི་ཞིས་ཧེ་མིན་དང་ཀོ་རི་ཡའི་ཀྲང་ཅིན་ཧོང་གཉིས་ཀྱི་རྩོམ་ནི་བསམ་ཚུལ་རྩོམ་ཡིག་གི་རྣམ་པའི་ཐོག་བྲིས་འདུག གཞན་རྩོམ་ཡིག་འབྲི་མཁན་ནི་དགེ་རྒན་ཆེན་མོ་དང་། མཁས་པ། རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་མཁན་གྱི་རྒྱལ་སྤྱིའི་ཆབ་སྲིད་ཐོག་གོ་གནས་ཡོད་མཁན་ཡིན་པས་དཔྱད་རྩོམ་གྱི་སྤུས་ཚད་ཀྱང་མཐོ་བོ་རེད། དཔེ་དེབ་ནང་གི་ཡིག་གཟུགས་ཀྱང་ཐའེ་ཝན་གྱི་ཡིག་གཟུགས་སམ། རྒྱ་ནག་གི་ཡིག་གཟུགས་རྙིང་པའི་ཐོག་པར་སྐྲུན་བྱས་ཡོད། དེ་ཡང་ཆབ་སྲིད་ཀྱི་ཐོག་ནས་གལ་ཆེན་པོ་རེད་ཅེས་དང་།
ཡང་དཔེ་དེབ་མདུན་ཤོག་ཇུས་འགོད་སྐོར་ལ་ཁོང་གིས། ས་ཁྲའི་ནང་དུ་བོད་དང་། སོག་པོ། ཤར་ཏུར་ཀི་སི་ཐན། ཐའེ་ཝན་བཅས་ཀྱི་ས་ཁྲ་ལོགས་སུ་བྲིས་ཡོད། ཐོག་མར་མན་ཇུའི་ས་ཁྲ་ལོགས་སུ་འབྲི་དགོས་བསམ་ཡང་། སོག་པོའི་ས་ཁྲ་དང་ས་འབྲེལ་བྱུང་ཡོད་པས། རྙོག་དྲ་ཡོད་པར་དོགས་ཏེ་ལོགས་སུ་བཏོན་མེད་ཅེས་དང་། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་མི་འདྲ་ཡང་། སོ་སོའི་མི་རིགས་ཀྱི་བདག་དབང་རྩོད་ཀྱི་ཡོད་པ་དང་། ཁ་གཏད་གཅོག་ས་ཡང་རྒྱ་ནག་གཞུང་ཡིན་པས། དཔེ་དེབ་འདི་ནི་ཉེ་སྔོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་གྲུབ་འབྲས་ཤིག་དང་། རྒྱ་ནག་གཞུང་ལ་བརྡ་ལན་གསལ་བོ་ཞིག་སྤྲོད་ཐུབ་རྒྱུ་རེད་བསམ་གྱི་འདུག་ཅེས་བརྗོད་སོང་།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་གཞུང་གི་འོག་ཏུ་མནར་གཅོད་མྱོང་བཞིན་པའི་མི་རིགས་དང་རྒྱལ་ཁབ་འདྲ་མིན་མཉམ་འཛོམས་ཀྱི་ཚོགས་འདུ་ཞིག་འཚོགས་ཐུབ་ཡོད་ཅིང་། ཚོགས་བཅར་བ་རྣམས་ཀྱི་གཏམ་བཤད་ཕྱོགས་སྒྲིག་ཡག་པོ་བྱུང་འདུག ཚོགས་འདུ་འཚོགས་པ་གལ་ཆེན་པོ་རེད་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ཚོགས་འདུའི་སྐབས་སུ་གྲོས་ཆོད་བཞག་ཡོད་ཚེ། དེ་དག་ལག་བསྟར་གནང་རྒྱུ་ཆེན་པོ་ཆགས་བསྡད་ཡོད། རྒྱ་ནག་འོག་ཏུ་ཡོད་པའི་མི་རིགས་ཚང་མའི་འཐབ་རྩོད་བྱ་ཡུལ་གཅིག་པ་ཆགས་ཡོད་དུས། ཚང་མའི་མཉམ་རུབ་ཀྱི་ནུས་པ་ཡང་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་པ། པདྨ་མཚོ།