སྲིད་སྐྱོང་མཆོག་གིས་ཀོ་ལིམ་བྷི་ཡའི་གནད་ཡོད་མི་སྣ་ཁག་ཅིག་དང་མཉམ་དུ་རྒྱ་གཞུང་གི་བཙན་གནོན་མྱོང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་ཕྱོགས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བཞིའི་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གུང་སྲིད་སྐྱོང་མཆོག་མེ་སི་ཁོ་རྒྱལ་ཁབ་ཀྱི་རྒྱལ་སར་ཕེབས་འབྱོར་གནང་ཡོད་ཅིང་། སྐབས་དེར་གནམ་ཐང་དུ་མེ་སི་ཁོའི་གྲོས་ཚོགས་འཐུས་མི་སལ་ཝ་ཌོར་ཀ་རོ་ཀཱ་བྷི་རེ་རཱ་ (Deputy Salvador Caro Cabrera) མཆོག་གི་དབུས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག་ལ། ཉིན་རྒྱབ་མེ་སི་ཁོ་གྲོང་ཁྱེར་དུ་རྟེན་གཞི་བྱས་ཡོད་པའི་བློ་གསལ་གླིང་ཆོས་ཚོགས་སུ། སྲིད་སྐྱོང་མཆོག་དང་མེ་སི་ཁོའི་གྲོས་ཚོགས་འཐུས་མི་སལ་ཝ་ཌོར་ཀ་རོ་ཀཱ་བྷི་རེ་རཱ་རྣམ་གཉིས་ཀྱི་ཕེབས་གནང་ཡོད་པ་དང་། སྐབས་དེར་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བསམ་གཏན་མཆོག་གི་དབུས་དགེ་བཤེས་ཤེས་རབ་ཆོས་འཕེལ་ལགས། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེ་ལྟེ་གནས་ཁང་གི་ངེས་སྟོན་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གེ་ལགས་བཅས་ལ་མཇལ་འཕྲད་གནང་བ་དང་། དེ་ནས་སྲིད་སྐྱོང་མཆོག་ནས་མེ་སི་ཁོ་བློ་གསལ་གླིང་ཆོས་ཚོགས་ཀྱི་སློབ་མ་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་མོལ་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་ཀོ་ལིམ་བྷི་ཡའི་བྷོ་གྷོ་ཊ་རུ་རྟེན་གཞི་བྱས་ཡོད་པའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ། སྲིད་སྐྱོང་མཆོག་ནས་དེ་གའི་དགེ་སློབ་དང་སློབ་གཉེར་བ་རྣམས་ལ་བཙན་བྱོལ་དང་ཡུལ་གྱར་བ་( Exile and displacements: Interdisciplinary reflections ) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་སོགས་ཀྱི་སྐོར་ངོ་སྤྲོད་གནང་འདུག་ལ། དེ་ནས་ཡཱ་མན་ཊ་ཀ་ (Yamantaka Center) ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དང་མཉམ་དུ་ཚོགས་འདུ་ཞིག་འཚོགས་འདུག ཕྱི་དྲོར་ཀོ་ལིམ་བྷི་ཡ་གཞུང་གི་ནང་སྲིད་བློན་ཆེན་མཆོག་དང་། བྷོ་གྷོ་ཊ་རྫོང་གི་ཆོས་ལུགས་རང་དབང་གི་འགན་འཛིན་ལགས། ཀོ་ལིམ་བྷི་ཡ་ནང་གི་ཆོས་ལུགས་ཁག་གི་དབུ་ཁྲིད་ཉི་ཤུ་ ༢༦ ལྷན་འཛོམས་ཐོག ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་གཞིའི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་དབང་སྒྱུར་འོག་བཙན་གནོན་མྱོང་མཁན་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གནང་ཕྱོགས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་ཀོ་ལིམ་བྷི་ཡའི་རྒྱལ་ས་བྷོ་གྷོ་ཊ་རུ། སྲིད་སྐྱོང་མཆོག་གིས་ཀཱ་རཱ་ཀོལ་རླུང་འཕྲིན་ཁང་(Caracol Radio La W) དང་། ཨེལ་སི་ཕེ་ཁི་ཊ་ཌོར་(El Spectador) གསར་ཁང་གཉིས་ཀྱི་བཅར་འདྲི་དང་ལེན་གནང་ཡོད་པ་དང་། དེའི་རྗེས་ཨེལ་བྷོ་སི་ཁེ་གཙུག་ལག་སློབ་གཉེར་ཁང་ (El Bosque ) གིས་གདན་འདྲེན་ཞུས་པ་བཞིན་བགྲོ་གླེང་སྟེང་དུ་མཉམ་ཞུགས་གནང་། ཕྱི་དྲོར་བསམ་མཛོད་ལྟེ་གནས་ཁང་ཁག་ཀྱི་འགན་འཛིན་དང་ཚོགས་མི་རྣམས་དང་ལྷན་འཛོམས་ཐོག སྲིད་སྐྱོང་མཆོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། དེའི་ཤུགས་རྐྱེན། བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་དང་བཅས་པ་རྒྱུན་འཛིན་གནང་ཕྱོགས་ (Human rights situation in Tibet, its impact and cultural identity in Tibet) སྐོར་གཏམ་བཤད་གནང་ཞིང་། ས་གནས་ཀྱི་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མཇལ་མོལ་གནང་། བོད་ཀྱི་འབོད་སྒྲ་ (Encounter of Voices of Tibet) ཞེས་པའི་བརྗོད་གཞིའི་ཐོག་བོད་ནང་གི་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་དང་མངོན་འདོད་སྐོར་གསུང་བཤད་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༥ ཉིན་སྲིད་སྐྱོང་མཆོག་ཀོ་ལིམ་བྷི་ཡའི་རྒྱལ་ས་སྦོ་ཀོ་ཊར་ཕེབས་འབྱོར་བྱུང་བ་དང་། གནམ་ཐང་དུ་ཀོ་ལིམ་བྷི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཁི་ལུ་ཌི་ཡ་ (Claudia Bonitto) ལགས་དང་ཁོང་གི་སྐུ་ཟླ་ཨལ་བྷ་(Alba Lucero López) ལགས། དེ་བཞིན་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་བཅས་ཕེབས་བསུར་བཅར་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་པ། པདྨ་མཚོ།