༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནེའུ་ཛི་ལེན་ཌིའི་སྲིད་བློན་གསར་པ་སྐུ་ཞབས་ཁི་རི་སི་ལུ་ཞོན་ལགས་ལ་འཚམས་འདྲི་མཛད་དེ་གོ་མཚོན་མེད་པར་བཟོ་རྒྱུ་ནི་ང་ཚོའི་ཆེད་དུ་འཛམ་གླིང་སྔར་ལས་ལྷག་པ་ཞིག་བསྐྲུན་པའི་ལམ་བུ་ཞིག་ཡིན་སྐོར་གསུངས་འདུག
ཁ་སང་ཕྱི་ཚེས་ ༡༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ཁི་རི་སི་ལུ་ཞོན་(Chris Luxon) ལགས་ཀྱི་མཚན་ཐོག་ཏུ། ཁོང་ཉིད་ནེའུ་ཛི་ལེན་ཌིའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པར་འཚམས་འདྲི་མཛད་པ་དང་སྦྲགས། འཛམ་གླིང་འདི་རང་དབང་ལྡན་པ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏང་རྒྱུ་གལ་ཆེན་ཡིན་པའི་སྐོར་བཀའ་སློབ་བསྩལ་འདུག
གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེང་གི་ཆར་འཛམ་གླིང་འདིར་རང་དབང་ལྡན་པ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་འགྲོ་མུས་ཡིན་པ་རེད། ངོས་རང་གིས་མི་རྣམས་ཀྱི་མཉམ་རུབ་ཀྱི་ནུས་པ་དེས་འཛམ་གླིང་ལ་འགྱུར་བ་གཏོང་ཐུབ་པའི་རེ་བ་འཆང་གི་ཡོད། ཁྱེད་ཀྱི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བདེ་འཇགས་དང་ཞི་བདེ་གོང་མཐོར་གཏོང་བར་ལས་དོན་རྒྱ་ཆེན་གཉེར་མུས་ཡིན་པ་རེད། དེ་བཞིན་ཁྱེད་རང་གིས་ནེའུ་ཛི་ལེན་ཌིའི་རྒྱལ་ཁབ་ཏུ་རྡུལ་ཕྲན་བེད་སྤྱོད་མི་གཏང་རྒྱུ་ཁས་ལེན་བྱས་པ་དེ་རྒྱལ་ཁབ་གཞན་རྣམས་ཀྱིས་ལྟ་ཉན་དང་ལག་བསྟར་བྱ་དགོས་པ་ཞིག་རེད། གོ་མཚོན་མེད་པར་བཟོ་རྒྱུ་ནི་ང་ཚོའི་ཆེད་དུ་འཛམ་གླིང་སྔར་ལས་ལྷག་པ་ཞིག་བསྐྲུན་པའི་ལམ་བུ་ཞིག་ཡིན་པ་རེད། ཅེས་གསུངས་འདུག
ཡང་གསུང་འཕྲིན་དུ། འདས་པའི་ལོ་ཤས་རིང་ངོས་རང་ཁྱེད་རང་གི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཏུ་ལན་འགར་བསྐྱོད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། སྐབས་དེ་དག་ལའང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་མི་མང་པོས་ངོས་རང་གིས་བྱམས་སྙིང་རྗེ་དང་། གུ་ཡངས། བཟོད་བསྲན། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་སོགས་གོང་མཐོར་བཏང་བར་དོ་དབྱིངས་དང་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག་པས། ངོས་རང་ལ་ཁོང་ཅག་གི་སྤྲོ་སེམས་དང་མཛའ་བརྩེས་སེམས་ཤུགས་ཆེན་པོ་གནང་བྱུང་། ཞེས་གསུངས།
སྐུ་ཞབས་ཁི་རི་སི་ལགས་ནི་ཕྱི་ལོ་ ༡༩༧༠ ཟླ་ ༧ ཚེས་ ༡༩ ཉིན་ནེའུ་ཛི་ལེན་ཌིའི་ལྷོ་རྒྱུད་ཀྱི་ཁུ་རི་སུ་ཌི་ཆར་ཇུ་རུ་འཁྲུངས། ཕྱི་ལོ་ ༡༩༩༢ ལོར་ཀན་ཊར་བྷེ་རི་གཙུག་ལག་སློབ་གཉེར་ཁང་(University of Canterbury) ནས་ཚོང་ལས་ཐོག་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་བླངས། ཕྱི་ལོ་ ༢༠༢༡ ནས་རྒྱལ་ཁབ་དེའི་ཕྱོགས་འགལ་ཚོགས་པ་ (Leader of the Opposition) དང་ New Zealand National Party ཚོགས་པ་གཉིས་ཀྱི་ཚོགས་གཙོ་དང་། ཕྱི་ལོ ༢༠༢༠ ལོ་ནས་གྲོས་ཚོགས་འཐུས་མི་གནང་། དེ་བཞིན་ཕྱི་ལོ་ ༢༠༡༢ ནས་ ༢༠༡༩ བར་ནེའུ་ཛི་ལེན་ཌིའི་མཁའ་ལམ་(Air New Zealand) གྱི་སྤྱི་ཁྱབ་འགན་འཛིན་གནང་ཞིང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་མང་མོས་ཀྱི་ཐོག་ནས་ནེའུ་ཛི་ལེན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་དུ་འདེམས་ཐོན་བྱུང་།
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།