༸སྐྱབས་རྗེ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པར་ཁོང་ཉིད་ཀྱི་བཀའ་སློབ་གནང་བ་གཞིར་བཟུང་མང་ཚོགས་ནས་ལག་ལེན་བསྟར་དགོས་གལ་ཆེ་སྐོར་གསུངས་སོང་།
དེ་རིང་སྔ་དྲོ་ཆུ་ཚོད་ ༩ པའི་སྟེང་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ། གཞིས་བྱེས་ལྷ་ངམ་ཕུན་གསུམ་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་ལ། རིན་པོ་ཆེ་མཆོག་ནས་འབུམ་རམས་ལྷ་སྒང་ཆོས་གྲགས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཆེད་རྩོམ་ཕྱོགས་སྒྲིགས་པུཎྜརིཀའི་མཆོད་སྤྲིན་ཞེས་པ་དང་། སྤྱི་འཐུས་ལས་ཐོག་རིག་འཛིན་ལྷུན་གྲུབ་ལགས་ཀྱིས་བརྩམས་པའི་མེས་པོའི་ཤུལ་བཞག་རིག་པའི་བང་མཛོད། ཅེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་བ་མ་ཟད། ཉིན་རྒྱབ་ཏུ་དགེ་བཤེས་ལྷ་རམས་པ་བློ་བཟང་མཁས་པ་མཆོག་གི་གཙོ་སྐྱོང་འོག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་བགྲོ་གླེང་གནང་སོང་།
གཞིས་བྱེས་ལྷ་ངམ་ཕུན་གསུམ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར། བརྟན་བཞུགས་བསྟར་འབུལ་ཞུས་པའི་དམིགས་ཡུལ་གཙོ་བོ་དེ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཡིན་པ་དང་། བཀའ་དྲིན་རྗེས་སུ་དྲན་པར་སྐུ་ཚེ་བརྟན་དགོས་ཀྱི་ཡོད་པར་བརྟེན། སྐུ་ཚེ་བརྟན་པའི་སླད་དུ་བརྟན་བཞུག་ཕུལ་ཡོད་སྐོར་དང་། མ་འོངས་པར་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བ་ལྟར་གང་ཐུབ་ཐུབ་ཀྱིས་བསྒྲུབ་འཆར་གཞི་ཡོད་སྐོར་སོགས་བརྗོད་སོང་།
༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་མཆོག་གིས། ཉེ་ལམ་ལྷ་ངམ་ཕུན་གསུམ་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཏེ། ཡག་པོ་ཞེ་དྲགས་བྱུང་ཡོད་སྐོར་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པར། ༸མགོན་པོ་གང་ཉིད་མཆོག་གི་བཀའ་བཞིན་འགྲུབ་རྒྱུ་དེ་གལ་ཆེ་བ་ཞིག་ཡིན་པ་དང་། ༸མགོན་པོ་གང་ཉིད་མཆོག་ནས་བཀའ་སློབ་མང་པོ་གནང་ཡོད་པས། ཁོང་གི་བཀའ་སློབ་གནང་བ་གཞིར་བཟུང་། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལག་ལེན་བསྟར་དགོས་པ་དང་། རང་ཉིད་ཀྱི་ལས་ཀ་དེ་དག་འཐུས་ཤོར་མེད་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དེ་མི་ཉམས་པར་འཛིན་སྐྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་། ད་ལྟ་བར་དུ་ཡག་པོ་གནང་ཡོད་པ་བཞིན་མུ་མཐུད་དུ་བྱ་དགོས་པ་དང་། གཙོ་བོ་༸མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་རྣམས་སྙིང་ལ་བཅངས་ནས། བཀའ་སློབ་གནང་བ་གཞིར་བཟུང་ལག་ལེན་བསྟར་གལ་ཆེ་སྐོར་སོགས་གསུངས་སོང་།
ལྷ་ངམ་ཕུན་གསུམ་ནི་བོད་གཙང་ཁུལ་གྱི་ལྷ་རྩེ་རྫོང་དང་། ངམ་རིང་རྫོང་། ཕུན་ཚོགས་གླིང་རྫོང་བཅས་ཡིན་པ་དང་། དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི་ཕྱི་ལོ་ ༡༩༣༥ ལོར་གཙང་སྟོད་ལྷ་རྩེ་ཁུལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བཅུའི་སྐབས་༧གོང་ས་ལྔ་པ་ཆེན་པོས་ཕྱག་བཏབ་པའི་ལྷ་རྩེ་ཆོས་སྡེ་དགོན་དུ་སྒྲིག་ཞུགས་ཀྱིས་སློབ་གཉེར་མཛད་དེ། དགུང་ལོ་ཉེར་གསུམ་སྟེང་ལྷ་ལྡན་ནོར་གླིང་གཟིམ་ཆུང་དུ། ༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་ཚིགས་ཕྱི་མ་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔའི་སྐབས་བོད་ཀྱི་ཡ་ང་བའི་སྐྱོ་གར་གྱི་དབང་གིས་ཕྱི་ལོ་ ༡༩༦༠ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་ཐོས་བསམ་ཐར་འདོད་གླིང་དུ་བཞུགས་ཏེ། སེར་བྱེས་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་མཆོག་དང་། ཟོང་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་འདུལ་ཊཱིཀ་ཉི་མའི་འོད་ཟེར་དང་རིན་ཆེན་ཕྲེང་བ། མཆིམས་མཛོད་སོགས་འདུལ་མཛོད་ཀྱི་གཞུང་ཆེན་ལྷག་མ་རྣམས་ལ་སློབ་གཉེར་དང་། སྦག་ས་ཆོས་སྒར་སློབ་གྲྭའི་རྣམ་པར་བསྒྱུར་རྗེས་དཔེ་ཁྲིད་དགེ་རྒན་གནང་། ཕྱི་ལོ་ ༡༩༧༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། ཕྱི་ལོ་ ༡༩༨༤ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཤིང་། འགྲེལ་པ་བཞི་སྦྲགས་དང་དཔལ་གསང་བ་འདུས་པའི་བསྐྱེད་རིམ། རྗེ་བཙུན་ཤེས་རབ་སེང་གེས་མཛད་པའི་ཊཱིཀྐ་ལེའུ་དང་པོ་ནས་བརྒྱད་པའི་མཚམས་སྦྱོར་བརྩི་བཞག་གནང་། དམ་པ་ཁོང་གིས་༧གོང་ས་མཆོག་གཙོ་བྱས་པའི་དམ་པ་མང་པོ་བསྟེན་ཏེ་དབང་ཁྲིད་མན་ངག་སོགས་གསན་བསམ་ཉམས་བཞེས་མཛད་པར་མ་ཟད། ༢༠༡༠ ལོར་བྱང་རྩེ་ཆོས་རྗེར་ཕེབས་ཤིང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༦ ཚེས་ ༢༤ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཐོག་བརྒྱ་དང་བཞི་པར་བསྐོ་བཞག་གི་བཀའ་ཡིག་རིན་པོ་ཆེ་སྩལ་གནང་མཛད་ཡོད་པ་ལྟར། ལོ་དེའི་ཕྱི་ཟླ་ ༨ ཚེས་ ༤ ཉིན་དགའ་ལྡན་གསེར་ཁྲིར་ཁྲི་འདོན་མཛད་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།