བོད་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པའི་བོད་མི་དགེ་ལོ་དང་ཚེ་རྡོ། འབའ་མོ། ཀོ་རིས་བཅས་ལ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ནས་ད་ལྟ་གཡག་རྔ་བཙོན་ཁང་དུ་བཅུག་འདུག
ཕྱི་ལོ་༢༠༢༢ ཟླ ༨ ཚེས ༢༤ ཉིན་རྒྱ་ནག་གཞུང་གིས་བོད་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པའི་བོད་མི་ཕྱུག་དར་དང་དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ཀྱི་བསང་གསོལ་དང་ལབ་རྩེ་བསྟོད་པ། ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱ་བ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གསེར་རྟ་རྫོང་ནས་བོད་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཙན་ཁྲིད་བྱས་ཏེ། གཅར་རྡུང་མནར་གཅོད་ཚད་མེད་བཏང་ནས་བོད་མི་ཕྱུག་དར་དམར་གསོད་བཏང་ཡོད་པ་དང་། འདི་ལོའི་ཕྱི་ཟླ ༧ པ་ཙམ་ལ་བོད་མི་གཞན་བཞི་དེ་ཀློད་གྲོལ་བཏང་ཡོད་ཀྱང་། ཕྱི་ཟླ་ ༩ པ་ཡས་མས་ཤིག་ལ་ཁོང་ཅག་བསྐྱར་དུ་འཛིན་བཟུང་བྱས་ཏེ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ནས་ད་ལྟ་གཡག་རྔ་བཙོན་ཁང་དུ་ཡོད་འདུག
དེའི་ཐད་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། ཁོང་ཚོ་དང་ཐོག་འཛིན་བཟུང་བཀག་ཉར་བྱས་ནས་གཅར་རྡུང་འདྲི་རྩད་བྱས་རྗེས་ཀློད་གྲོལ་བཏང་ཡོད་པ་དང་། ཟླ་ཤས་གོང་དུ་ཁོང་ཚོ་བཞི་བསྐྱར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། ཡིན་ནའང་། བསྐྱར་དུ་འཛིན་བཟུང་བྱ་དགོས་དོན་ག་རེ་ཡིན་མིན་ཤེས་རྟོགས་བྱུང་མེད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས་འདི་གའི་གསར་འགོད་པར། བོད་མི་དགེ་ལོ་དང་། ཚེ་རྡོ། འབའ་མོ་གསུམ་ལ་དེ་སྔོན་ཟླ་དྲུག་ལྷག་བཙོན་འཇུག་བྱས་པའི་དུས་ཡུན་རྩིས་ནས་ལོ་གཅིག་དང་ཟླ་དྲུག་ལྷག་ལས་བཙོན་ཁང་དུ་འདུག་མི་དགོས་པ་དང་། བོད་མི་ཀོ་རིས་ལ་དེ་སྔོན་བཙོན་ཁང་དུ་བསྡད་པའི་དུས་ཡུན་རྩིས་མེད་བཏང་སྟེ། ལོ་གཉིས་ཧྲིལ་པོ་བཙོན་ཁང་དུ་འདུག་དགོས་ལུགས་སོགས་བཤད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
བོད་མི་ཕྱུག་དར་དང་དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ནི་ཁེས་སྐོར་ཡུལ་ཚོའི་མི་མང་གིས་ཆེད་དུ་བསྐོ་བཞག་བྱས་ཏེ། ཁོང་ཚོས་རྒྱུན་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གོ་སྒྲིག་བྱེད་ཀྱི་ཡོད་འདུག་ལ། ཁོང་རྣམས་ནི་ཀུན་སྤྱོད་དང་། སྤྱི་སེམས། ལྷག་བསམ་ལྡན་པའི་མི་ལྔ་ཡིན་པར་བརྟེན། གྲོང་པའི་མང་ཚོགས་ཀྱིས་ཁོང་ཚོར་ལྔ་བཟང་( མི་བཟང་པོ་ལྔ། )ཞེས་འབོད་སྲོལ་ཡོད་ཅིང་། རྒྱ་ནག་གཞུང་གིས་གཅར་རྡུང་བྱས་ནས་བསད་པའི་བོད་མི་ཕྱུག་དར་ནི་རང་ལོ་ ༥༢ ཡིན་པ་དང་། ཁོང་ལ་ལོ ༧༡ ཡིན་པའི་ཨ་ཕ་ཐུབ་འོད་དང་། རང་ལོ་ ༧༥ ཅན་གྱི་ཨ་མ། བཟའ་ཟླ་དང་བུ་ཕྲུག་བཅས་ཡོད་འདུག
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།