༧གོང་ས་མཆོག་ནས་སེམས་ཁོང་ཁྲོའི་དབང་གིས་འདོད་ཆགས་ཀྱི་གཞན་དབང་དུ་ཕྱིན་ནས་ཁ་འདོན་དགེ་སྦྱོར་བྱས་ཀྱང་དེ་ཙམ་གྱིས་ནུས་པ་ཐོན་རྒྱུ་ཁག་པོ་ཡིན་པས་གཙོ་བོ་སེམས་རྒྱུད་འདུལ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་བསྩལ།
ཁ་སང་ཕྱི་ཚེས་ ༢༠ ནས་ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་ཁང་དུ། དགའ་ལྡན་ཕོ་བྲང་ཡིག་ཚང་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡའི་འབྲེལ་མཐུད་ལས་ཁུངས་སོགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོ་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང་། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ ༣༣ ནས་ཕེབས་པའི་བླ་སྤྲུལ་མཁན་པོ་དང་། མཁས་དབང་། ཉམས་ཞིབ་པ་སོགས་ཚོགས་བཅར་བ་ ༢༠༠༠ ལྷག་མཉམ་ཞུགས་གནང་བཞིན་ཡོད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་སྐུ།། མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་སྐུ།། རྒྱལ་བ་ཐམས་ཅད་མཁྱེན་པར་མགོས་ཕྱག་འཚལ།། དེ་རིང་འདིར་གནས་ཁྱད་པར་ཅན་ཞིག་ལ་དུས་སྙིགས་མ་ཆགས་ཡོད་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་མུ་མཐུད་ནས་གཟི་བརྗིད་འཕྲོ་བཞིན་པ་རེད། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་སྒོ་ནས་གསུངས་དུས། བདེ་སྡུག་ཟེར་བ་དེ་རང་གི་རྒྱུ་ཕྱིན་ཅི་མ་ལོག་པ་ཞིག་སྒྲུབ་རྒྱུ་མ་བྱུང་བར་གཙོ་བོ་མ་རིག་པའི་གཞན་དབང་དུ་བཏང་ནས་འཕྲལ་སེལ་གྱི་འདོད་པ་ཆེན་པོ་བྱས་པ་དང་། ཆགས་སྡང་གི་བློ་སྐྱེས་པ་སོགས་ཡོང་བཞིན་ཡོད། ང་ཚོ་སེམས་ཅན་རྣམས་ལ་ལས་ངན་ཡོང་བ་དེ་བཅོམ་ལྡན་འདས་ཀྱིས་ཆུས་བཀྲུས་ནས་དག་རྒྱུ་མེད་པར་སོ་སོའི་བསམ་བློ་ཡག་པོ་གཏོང་དགོས་པ་ཚན་རིག་དང་མཐུན་པ་རེད་ལ། དངོས་ཡོད་གནས་ཚུལ་རེད། ང་ཚོ་ཚང་མས་ཆོས་ལ་དད་པ་ཡོད་མེད་གང་ཡིན་ཡང་། སྡིག་པ་ཅི་ཡང་མི་བྱ་ཞིང༌།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། གསུངས་པ་བཞིན། ཆོས་ཁས་ལེན་མིན་དང་ཆོས་ལུགས་གང་ཡིན་ཡང་། སོ་སོའི་ངོས་ནས་སྡིག་པའི་ལས་ལ་འཕྲལ་དུ་ཡིད་ཚིམས་ཀྱི་ཡོད་ཀྱང་། མཐར་ཐུག་རང་ཉིད་རང་གིས་ཕོངས་པ་ཞིག་ཆགས་ཀྱི་ཡོད། དེ་འདྲའི་སྡིག་པའི་ལས་མི་བྱེད་པར་གང་ཐུབ་ཀྱིས་དགེ་བའི་ལས་བྱ་དགོས། དགེ་བའི་ལས་ཞེས་པ་དེ་ང་ཚོའི་མཐོང་ཆོས་སུ་གྱུར་བའི་སེམས་པ་བཟང་པོའི་ཐོག་ནས་གཞན་ལ་ཕན་སེམས་དང་། ཕན་བདེ་བསྒྲུབ་པ། གཞན་གྱི་སྡུག་བསྔལ་སེལ་བ་གཙོ་བོ་རེད། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྙིང་བོ་གཞན་ལ་ཕན་བདེ་བསྒྲུབ་པ་དང་གནོད་པ་མི་བྱེད་པ་དེ་རེད། ཆོས་ཁས་ལེན་མིན་གང་ལྟར་གཞན་ལ་གནོད་པ་མི་བྱེད་པར་གང་ཐུབ་ཀྱིས་ཕན་ཐོགས་བྱུང་ཚེ། སོ་སོའི་སེམས་ཀྱང་སྐྱིད་པ་རེད། ཆགས་སྡང་གི་ལས་མ་བསགས་པ་བྱས་ཚེ་སེམས་ཀྱི་ཞི་བདེ་རང་བཞིན་གྱིས་ཡོང་བསྡད་ཀྱི་ཡོད། སེམས་ཀྱི་ཞི་བདེ་ཡག་པོ་བྱུང་ན་དེ་ལས་ལྷག་པའི་ཚེ་སྒྲུབ་ཞིག་མེད། སེམས་ཁོང་ཁྲོའི་དབང་གིས་འདོད་ཆགས་ཀྱི་གཞན་དབང་དུ་ཕྱིན་ཏེ། ཁ་འདོན་དགེ་སྦྱོར་བྱས་ཀྱང་དེ་ཙམ་གྱིས་ནུས་པ་ཐོན་རྒྱུ་ཁག་པོ་རེད། གཙོ་བོ་སེམས་རྒྱུད་འདུལ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།
ཡང་༧གོང་ས་མཆོག་ནས། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་པའི་ཚིག་དེ་ཧ་ཅང་ནུས་པ་ཆེན་པོ་རེད། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་གྱུར་ནས།། སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར།། ཚིག་དེ་ཧ་ཅང་ཤུགས་ཆེན་པོ་རེད། སེམས་ཅན་ཐམས་ཅད་ཁ་ནས་བཤད་པ་ཙམ་མ་ཟད། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཚང་མར་རང་ཉིད་ཀྱི་ཞབས་འདེགས་ཞུ་སའི་མགྲོན་གྱི་གཙོ་བོ་ཡིན་བསམ་པར་བྱེད་དགོས། ཕར་ཕྱིན་དྲུག་དང་། འདུལ་བ་བཞི་སོགས་གཞན་ལ་ཕན་བདེ་བསྒྲུབ་པའི་ཆེད་དུ་ཉམས་ལེན་བྱས་ཚེ། སོ་སོས་ཚོགས་བསགས་པ་དང་། སྒྲིབ་པ་སྦྱངས་པ། རང་ཉིད་གང་དུ་ཡོད་པའི་ས་ཆར་བདེ་སྐྱིད་ཡོང་བར་ཁ་ཡོད་ལག་ཡོད་དུ་གྱུར་ཡོད། དེ་བས་བྱང་ཆུབ་ཀྱི་སེམས་ནི་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་ཡོང་བསྡད་པ་ཞིག་རེད། ཅེས་གསུངས་སོང་།
མགོན་པོ་གང་ཉིད་མཆོག་ནས། གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་རང་ཉིད་ཀྱི་སྒོ་གསུམ་གྱི་ནུས་པ་གང་ཡོད་པ་དེས། གཞན་ཕན་གྱི་བསམ་བློ་བསྐྱེད་སྐབས་སེམས་ཤུགས་ཀྱི་གདེང་ཚོད་ཡོང་བསྡད་ཀྱི་འདུག དེ་འདྲའི་སེམས་ཤུགས་ཀྱི་ཐོག་ནས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་བ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་པའི་ཚིག་དེ་ནུས་པ་ཧ་ཅང་ཆེན་པོ་རེད། ངོས་ཀྱིས་རང་ཉིད་བྱང་ཆུབ་སེམས་དཔའ་དེ་འདྲ་ཡིན་ཟེར་གྱི་མེད་ཀྱང་། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཞེ་བོ་གཏོང་བཞིན་ཡོད། དེས་སེམས་ཤུགས་མི་ཆག་པར་སེམས་ཅན་ཚང་མ་གཉེན་དུ་བསྟེན་དགོས་ཀྱི་འདུག བོད་ནང་དུ་དཀའ་ངལ་མང་པོ་འབྱུང་བཞིན་ཡོད་ཀྱང་། དེ་དག་ཚང་མ་སྙིང་རྗེ་སྐྱེ་བའི་རྒྱུ་རྐྱེན་དུ་ཕྱིན་པ་མ་གཏོགས། ཁོང་ཁྲོ་ཟ་བ་སོགས་ཁྱོན་ནས་མི་འདུག བྱང་ཆུབ་སེམས་ཀྱིས་འཕྲལ་དུ་སེམས་ལྷོད་ལྷོད་དང་སེམས་སྐྱིད་པའི་ཐོག་ལུས་ཀྱི་འབྱུང་བ་སྙོམས་ཀྱི་འདུག ཚེ་སྒྲུབ་བྱེད་པར་བྱང་ཆུབ་ཀྱི་སེམས་སྒོམ་ན་ཡག་ཤོས་རེད། འབྱུང་བའི་ཁོད་སྙོམས་པས་རླུང་དང་ཁྲག་ཤེད་འཕར་བ་སོགས་ཁྱོན་ནས་འབྱུང་གི་མི་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་ཡོད་ཀྱང་། སོ་སོའི་བོད་ཡིག་ཟུར་དུ་བཟོས་པ་རེད་ལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས། ཁོང་གིས་ཁྱེད་ཚོ་བོད་ཡིག་ཟུར་དུ་ཡོད་པས། པཱ་ལི་དང་ལེགས་སྦྱར་གྱི་སྐད་ཡིག་བསླབ་དགོས་ཀྱི་མི་འདུག ནང་ཆོས་ཀྱི་གཞུང་བོད་ཡིག་ནང་དུ་བསྒྱུར་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་བྱེད་ན་ཡག་པོ་ཡོང་གི་འདུག་གསུངས་པ་རེད། ང་ཚོའི་བཀའ་འགྱུར་བསྟན་འགྱུར་གྱི་གཞུང་རྣམས་པཱ་ལི་དང་ལེགས་སྦྱར་ནང་ཡོད་པའི་གཞུང་ཚུར་བསྒྱུར་བསྡད་པ་ཞིག་ཆགས་ཡོད། སྔོན་བོད་ཀྱི་ཆོས་རྒྱལ་རྣམས་ཀྱིས་བཀའ་དྲིན་ཆེན་པོ་གནང་འདུག ང་ཚོའི་མི་རབས་འདིར་གཉན་འཕྲང་ཆེན་པོ་ཞིག་གི་ཐོག་ཏུ་སླེབས་ཡོད་དུས། ང་ཚོས་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་མུ་མཐུད་དུ་ཡག་པོ་འཛིན་ཐུབ་ཚེ། སོ་སོའི་སེམས་སྐྱིད་པ་མ་ཟད། མི་མང་པོ་ལའང་ཕན་ཐོགས་འབྱུང་བཞིན་འདུག དེང་སང་དངོས་པོའི་ཡར་རྒྱས་ཆེན་པོ་ཕྱིན་ཏེ་མི་རྣམས་ཡིད་ཐང་ཆད་པའི་བཟོ་འདྲ་འདུག འདིའི་སྐབས་སུ་སེམས་ཀྱི་ཞི་བདེ་ཡོང་དགོས་ཀྱི་འདུག སེམས་ཀྱི་ཞི་བདེ་ཡོང་བར་སྨོན་ལམ་རྒྱག་རྒྱུ་གཅིག་པོའི་ཡོང་གི་མེད། སོ་སོས་བློ་སྦྱངས་ཏེ་སེམས་ཀྱི་ཞི་བདེ་ཡོང་གི་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཅེས་གསུངས་སོང་།
ཡང་མགོན་པོ་གང་ཉིད་མཆོག་གིས། དེ་རིང་དུས་སྐབས་ཡག་པོ་ཞིག་རེད། ངོས་ཀྱིས་ཚིག་ཁ་ཤས་ཞུ་སྙིང་འདོད་བྱུང་། དང་པོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་ངུར་སྨྲིག་གྱོན་པ་ཙམ་གྱིས་མི་ཆོག་པར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་དགོས་པ་གལ་ཆེན་པོ་རེད། རྟགས་ཆ་ལུགས་བརྗེ་བ་ཙམ་མ་གཏོགས་བསམ་བློ་གཏོང་སྟངས་དམིགས་བསལ་མ་བྱུང་ན་འགྲིག་གི་མི་འདུག རྟགས་ཆ་ལུགས་བརྗེས་པ་ཙམ་དུ་མ་ཟད་པའི་བསམ་བློ་ལ་འགྱུར་བ་ཡོད་པ་ཞིག་གནང་དགོས་པ་རེད། སངས་རྒྱས་པའི་ཆོས་ཀྱི་ནང་དུ་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་དང་། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཕན་ཐོགས་ཞེ་བོ་འདུག ཆོས་ལ་དད་པ་ཡོད་མིན་གང་ཡིན་ཡང་། སངས་རྒྱས་པའི་གཞུང་དང་ལྷག་པར་བོད་ལ་ཡོད་པའི་ནང་པའི་གཞུང་དུ་སེམས་ཁམས་རིག་པའི་སྐོར་ལ་ཞིབ་ཚགས་པོའི་ཐོག་འགྲེལ་བཤད་ཡོད་པ་རེད། དེར་མི་སྐྱ་ཚོས་དོ་སྣང་བྱས་པ་ཡིན་ན་ཕན་ཐོགས་ཡོད་པ་རེད། དེང་སང་ངོས་རང་ལ་སེམས་ཁམས་རིག་པའི་ཚན་རིག་པ་མང་པོ་ཐུག་སྟེ་སྐད་ཆ་འདྲི་མཁན་མང་པོ་ཡོང་གི་འདུག ཆོས་དང་ནང་པའི་སྐད་ཆ་མེད་པར་སེམས་ཁམས་རིག་པ་རྐྱང་བའི་ཐོག་བསམ་བློ་བཏང་ན། སེམས་ཞི་ལྷོད་ཡོང་བ་ལ་ཕན་ཐོགས་ཡོང་གི་འདུག དེ་ཆོས་ཀྱི་སྐད་ཆ་མིན་པར་བསམ་བློ་ཏོག་ཙམ་ལྷོད་ལྷོད་ཡོང་ཐུབ་པའི་ཆེད་དུ་རེད། ཅེས་སོགས་བཀའ་སློབ་གནང་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་པ། པདྨ་མཚོ།
སྐྱབས་སུ་མཆི།