བོད་མཚོ་སྔོན་དང་ཀན་ལྷོ་ཁུལ་དུ་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་ཐེབས་པའི་ཐད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐུགས་གསོ་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཀན་སུའུ་ཞིང་ཆེན་གྱི་ཀ་ཆུའི་སྟག་ལུང་རྫོང་ཁུལ་དུ་ཚད་རིམ་ ༦།༢ ཅན་གྱི་ས་ཡོམ་བརྒྱབ་སྟེ། མི་རྒྱུ་གཉིས་ལ་གནོད་སྐྱོན་ཕོག་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། གནོད་སྐྱོན་ཕོག་པའི་བོད་ནང་གི་ཡུལ་མི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཞིག་བཏང་སྟེ། ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་བསྔོ་སྨོན་གནང་འདུག
དེ་འབྲེལ་སྲིད་སྐྱོང་མཆོག་གི་ངོ་དེབ་སྟེང་། ཕྱི་ཚེས་ ༡༨ ཉིན་ཀན་སུའུ་ཞིང་ཆེན་གྱི་ཀ་ཆའི་སྟག་ལུང་རྫོང་དུ་ས་ཡོམ་བརྒྱབ་སྟེ། འདབས་འབྲེལ་མཚོ་སྔོན་ཁོངས་ཀྱི་ཡ་རྫི་དང་། བཀའ་མ་ལོག བ་ཡན་སོགས་སུ་མི་གྲངས་བརྒྱ་ཕྲག་དུ་མར་ཤི་རྨས་དང་། ཁང་ཁྱིམ་གཏོར་བཤིག་ཚབས་ཆེན་བྱུང་འདུག་པར། འདས་པོ་རྣམས་ལ་བསྔོ་སྨོན་དང་། ཤུལ་ལྷག་རྣམས་འབྱུང་བའི་གོད་ཆག་དང་། དགུན་ཁའི་གྲང་ངར་གྱི་གནོད་སྐྱོན་ལས་མྱུར་དུ་ཐར་བར་སྨོན་ལམ་འདེབས་ཀྱི་ཡོད། ཅེས་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༡༨ ཀྱི་མཚན་མོའི་ཆུ་ཚོད་ ༡༡ ཡོལ་ཙམ་གྱི་སྟེང་དུ། བོད་རྒྱ་གཉིས་ཀྱི་ས་མཚམས་སུ་འཁེལ་བའི་མཆོད་རྟེན་དཀར་པོའི་འགྲམ་ཏེ། ད་ལྟ་རྒྱ་ནག་གཞུང་གིས་བཅད་བགོ་བྱས་པའི་ཀན་སུའུ་ཞིང་ཆེན་གྱི་ཀ་ཆུའི་སྟག་ལུང་རྫོང་ཁུལ་དུ་ཚད་རིམ་ ༦།༢ ཅན་གྱི་ས་ཡོམ་བརྒྱབ་སྟེ། མི་གྲངས་ཁྱོན་ ༡༣༡ ཙམ་རྐྱེན་འདས་སུ་ཕྱིན་ཞིང་། དེའི་ཁྲོད་ཀྱི་མི་ ༡༡༣ ཀན་སུའུ་ཞིང་ཆེན་ནས་ཡིན་པ་དང་། མི་ ༡༨ མཚོ་སྔོན་ནས་ཡིན་འདུག་ལ། ས་ཡོམ་ཁྲོད་ཁྱོན་མི་གྲངས་ ༡༠༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག
ཐེངས་འདིའི་ས་ཡོམ་བྱུང་ཡུལ་གཙོ་ཆེ་བ་ནི་ཧེ་རིགས་རང་སྐྱོང་ཁུལ་ཆགས་ཀྱི་ཡོད་ཅིང་། ས་ཡོམ་ཁྲོད་ཀ་ཆུ་དང་ས་འབྲེལ་ཡོད་པའི་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུའང་ཁང་པ་གཏོར་སྐྱོན་དང་མི་ལ་རྨས་སྐྱོན་ཕོག་པ་སོགས་ཀྱི་གནས་ཚུལ་བྱུང་འདུག་ལ། བསང་ཆུ་རྫོང་དང་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་། མཚོ་ཤར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡ་རྫི་རྫོང་ཁོངས་དང་དཔའ་ལུང་རྫོང་། བཀའ་མ་ལོག བ་ཡན་སོགས་ཚུད་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་ཁྲོད་ཀན་སུའུ་ཞིང་ཆེན་ནང་གི་ཁྱིམ་ཚང་ ༢༠༧༠༠༠ ཡི་ཁང་པར་གས་འཐོར་ཐེབས་པ་དང་ཁང་པ་ ༡༥༠༠༠ ལ་གཏོར་བཤིག་ཐེབས་པར་བཤད་པ་མ་ཟད། ས་ཡོམ་གྱི་གནོད་སྐྱོན་འོག་མི་གྲངས་ ༡༤༥༠༠༠ ལྷག་གི་འཚོ་བར་དོ་ཕོག་བཏང་ཡོད་འདུག