སྐབས་དང་པོའི་བོད་སྐད་ཡིག་གི་འབུམ་རམས་པའི་བསླབ་པ་མཐར་སོན་པ་བདུན།
ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པ་རྣམས་བསླབ་པ་མཐར་སོན་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འབུམ་རམས་ཀྱི་སློབ་ཐོན་པ་བདུན་དེར་མཇལ་ཁ་ཡང་བསྩལ་གནང་ཡོད་པ་རེད། བོད་སྐད་ཡིག་ཐོག་ནས་འབུམ་རམས་པའི་བསླབ་པ་མཐར་སོན་མཁན་ཐོག་མ་རྣམས་ཀྱི་ཆེད་རྩོམ་ནི། དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་རླུང་སེམས་ཕྲ་མོ་ལ་བརྟེན་ནས་བཏགས་པའི་ང་ཙམ་གྱི་བདག་ལ་དཔྱད་པ་དང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བརྡ་འཕྲིན་དུས་རབས་དང་མཐུན་པའི་བོད་ཀྱི་དཔེ་མཛོད་རིག་པའི་འཛིན་སྐྱོང་ལམ་ལུགས་ལ་དཔྱད་པ། ཏཱ་ལའི་བླ་མ་མཐོ་སློབ་ཁང་གི་སློབ་དཔོན་དགེ་བཤེས་བློ་བཟང་དངོས་གྲུབ་ལགས་ཀྱིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་མིང་གཞིའི་སྒོ་ནས་བྱ་ཚིག་གྲུབ་ཚུལ་ལ་དཔྱད་པ། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་མན་ཇུ་གོང་མའི་བར་གྱི་འབྲེལ་བའི་གནས་བབ་ཀྱི་འཕོ་འགྱུར་ལ་དཔྱད་པ། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་རྗེ་ཙོང་ཁ་པའི་སྙན་ངག་ལ་ཞིབ་འཇུག་གནང་བ། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་རྭ་སྟག་དོན་རྐྱེན་དང་བོད་བསྟན་སྲིད་གཉན་འཕྲང་ཅན་གྱི་ལོ་བཅུ་བདུན་ཆུད་ཟོས་ཤོར་བའི་གནད་དོན་ལ་དཔྱད་པ། ནོར་གླིང་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་ཟུར་པ་སྨན་ཤེར་བློ་གྲོས་ལགས་ཀྱིས་ཐང་བོད་འབྲེལ་བའི་གནས་བབ་ལ་ཞིབ་འཇུག་གནང་ཡོད་པ་རེད།
རྒྱལ་སྤྱིའི་གྲོས་ཚོགས་ནང་བོད་དོན་སྐོར་གྱི་གྲོས་གཞི།
ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་བསྐྱར་བཅོས་ཁྲིམས་འཆར་ཐོག་ཉན་ཞིབ་གནང་སྟེ། སྤྱི་མོས་ཐོག་ནས་ངོས་ལེན་རྒྱབ་སྐྱོར་ཐོབ་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགའ་བསུ་ཞུས་ཡོད་ཅིང་། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་ངོས་ལེན་གནང་བའི་ཁྲིམས་འཆར་དེ་བརྒྱུད། ཨ་རིའི་གཞུང་འབྲེལ་གྱི་སྲིད་ཇུས་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་བམ་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ནས་རྒྱ་གཞུང་གིས་བོད་རྒྱའི་ཞི་མོལ་མཚམས་འཇོག་བྱས་ཡོད་པའི་སྐོར། རྒྱ་ནག་གིས་གནའ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་དག་ལོ་རྒྱུས་ཀྱི་ཐོག་ནས་དྲང་བདེན་མིན་པ་རྣམས་གསལ་སྟོན་བྱས་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་རིགས་རང་སྐྱོང་ཁུལ་ཟེར་བ་ཚང་མ་བོད་ཅེས་པའི་ཐ་སྙད་ཀྱི་ཁོངས་གཏོགས་ས་ཁུལ་ཡིན་པ་སོགས་གསལ་སྟོན་བྱས་འདུག་ལ། ཁྲིམས་འཆར་ནང་ད་དུང་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། དགའ་ལྡན་ཕོ་བྲང་ཚུད་པའི་བོད་ཀྱི་སྒྲིག་འཛུགས་ཁག་གི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་བྱེད་མཚམས་འཇོག་དགོས་པ་སོགས་བོད་མི་རྣམས་ལ་ཧ་ཅང་གལ་འགངས་ཆེ་བའི་ཁྲིམས་ཤིག་ཆགས་ཀྱི་ཡོད་པ་རེད། ད་དུང་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་ཧྥ་རན་སིའི་གྲོང་ཁྱེར་སི་ཊར་སི་སྦག་ (Strasbourg) ཏུ་ཚོགས་པའི་ཡུ་རོབ་གྲོས་ཚོགས་སྟེང་། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ས་ཡ་ ༡ ཙམ་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་ནས་བཅའ་སྡོད་སློབ་གྲྭར་བཅུག་སྟེ། རྒྱ་སྒྱུར་སློབ་གསོ་སྤེལ་བའི་སྲིད་ཇུས་ལག་བསྟར་འཕྲལ་དུ་མཚམས་འཇོག་དགོས་པའི་གྲོས་ཆོད་ཅིག་གཏན་འབེབ་བྱུང་ཞིང་། བྷུ་རུ་སལ་ (Brussels) བོད་ཀྱི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱིས་དགའ་བསུ་དང་སྦྲགས། ཡུ་རོབ་མཐུན་ཚོགས་ནས་གཏན་འབེབ་བྱུང་བའི་ཁྲིམས་དེ་དང་འབྲེལ་ནས། རྒྱ་གཞུང་ལ་སྲིད་དོན་གྱི་ཉེས་ཆད་གཏོང་བ་སོགས་གནོན་ཤུགས་ངེས་པར་དུ་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག
ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཐོག་མ་དེ་སྐུ་གྲོངས།
ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་གྱི་ཕྱི་དྲོར་ཀང་ར་རྫོང་གི་ཊན་ཌ་སྨན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཐོག་མ་དང་། སྐབས་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བཀའ་ཤག་སྐབས་བདུན་པའི་སྐབས་ཀྱི་དཔལ་འབྱོར་བཀའ་བློན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན། དེ་བཞིན་བོད་མི་མང་སྤྱི་འཐུས་སྐབས་དང་པོ་དང་། གཉིས་པ། གསུམ་པ། དྲུག་པ་བཅས་གནང་མྱོང་བའི་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་སྐུ་གཟུགས་བདེ་མིན་གྱི་དབང་གིས་སྐུ་གྲོངས་ཡོད་པ་རེད། འདས་པོ་དམ་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༣༧ ལོར་ལྷ་སར་འཁྲུངས་ཤིང་། ཆུང་དུས་ནས་བོད་ཡིག་སློབ་སྦྱོང་གནང་སྟེ་སློབ་གྲྭ་ཐོན་པ་དང་། འཕན་ཡུལ་སེར་སྨད་བྲག་རྒྱབ་རིན་པོ་ཆེའི་ཞབས་ཞུ་དང་སྦྲགས་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་བའི་སྐབས། ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་དབང་གིས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ། ཐོག་མར་ཀ་སྦུག་ཁུལ་དུ་ལོ་བཞི་ཙམ་རིང་བོད་གཞུང་སློབ་གྲྭའི་ནང་དབྱིན་ཡིག་སློབ་སྦྱོང་དང༌། ཞོར་ལ་བོད་ཡིག་འཛིན་གྲྭ་ཁ་ཤས་ཀྱི་དགེ་རྒན་གནང་། ཕྱི་ལོ་ ༡༩༦༣ ལོར་མའེ་སོར་ལུགས་ཟུང་བསམ་གླིང་དུ་ཕེབས་ཏེ་རང་རིགས་ན་གཞོན་ཁག་ཅིག་ལ་ལས་ཞོར་སློབ་སྦྱོང་སྤྲོད་པའི་གོ་སྒྲིག་རྐང་ལེན་གྱིས་དགེ་རྒན་ཡང་གནང་བ་དང་། མང་ཚོགས་ནས་འོས་འདེམས་ཞུས་པ་ལྟར་གཞིས་མིའི་མཉམ་འབྲེལ་ལྟ་རྟོག་ཚོགས་པའི་ཚོགས་མི་དང་། དེའི་རྗེས་དྲུང་ཆེ། གཞིས་སྒར་དུ་དབུས་གཙང་འཐུས་མི་ལོ་གསུམ་བཅས་གནང་། ཕྱི་ལོ་ ༡༩༦༩ ལོར་བོད་མི་མང་སྤྱི་འཐུས་སྐབས་བཞི་པ་དང་ཕྱི་ལོ་ ༡༩༧༢ ལོར་སྐབས་ལྔ་པ། དེ་བཞིན་ཕྱི་ལོ་ ༡༩༧༦ ལོར་སྐབས་དྲུག་པ་བཅས་ཀྱི་དབུས་གཙང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་མ་ཟད། སྐབས་དྲུག་པའི་སྤྱི་ལྷན་ཚོགས་གཙོ་གཞོན་པའི་མཛད་འགན་བཞེས་པ་དང་། ཕྱི་ལོ་ ༡༩༧༩ ལོར་འཚམས་འདྲི་གཟིགས་སྐོར་སྐུ་ཚབ་ཚོགས་པའི་ཚོགས་མི་ལྔའི་ཁོངས་སུ་བོད་དུ་ཕེབས། གཞན་ཡང་སྤྱི་འཐུས་སྐབས་ལྔ་པ་དང༌། སྐབས་དྲུག་པ་གཉིས་ཀྱི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་མི་དང་། སྐབས་བདུན་པའི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་གཙོ་འཛིན་བཅས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༠ ལོར་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་བཞེས་པ་དང༌། ཕྱི་ལོ་ ༡༩༨༣ ལོར་དཔལ་འབྱོར་བཀའ་བློན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༠ ལོར་སྤྱི་འཐུས་སྐབས་བཅུ་གཅིག་པའི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་གཙོ་འཛིན་དང་། ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༦ ཚེས་ ༢༨ ཉིན་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལས་ཚབ་ཏུ་ཐད་བསྐོ་གནང་། ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་སྐབས་ཁྲིམས་ཞིབ་པ་ཆེ་བའི་མཛད་ཁུར་དམ་འབུལ་བཞེས་ཏེ། ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༡༩ ཉིན་བགྲེས་ཡོལ་དུ་ཕེབས།
སྨོན་ལམ་བོད་ཀྱི་རིག་ནུས་མངོན་འགྱུར་འབྱུང་བཞིན་པ།
ཕྱི་ཟླ་ ༡༡ ཚེས་ ༣ ཉིན་གྱི་ཞོགས་པར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དབུ་ལས་རྣམ་པས་རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་ཞུས་ཏེ་སྨོན་ལམ་རིག་ནུས་ཀྱི་ལས་གཞི་གང་འཚམ་ལེགས་འགྲུབ་འབྱུང་བཞིན་པའི་སྐོར་སྙན་སེང་ཞུས་ཡོད་པ་དང་། ཉིན་དེའི་དགོང་མོར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། སྨོན་ལམ་མངོན་གྱུར་ཞེས་པའི་འདས་པའི་ལོ་གཅིག་ལྷག་ཙམ་རིང་སྨོན་ལམ་རིག་ནུས་ཀྱི་ལས་གཞི་ཅི་ཙམ་འགྲུབ་ཡོད་མེད་དང་། མ་འོངས་ལས་དོན་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། ད་ལྟའི་ཆར་སྨོན་ལམ་རིག་ནུས་ལ་ཡིག་སྒྱུར་རིག་ནུས་དང་ཀློག་འདོན་རིག་ནུས། སྒྲ་འཛིན་རིག་ནུས། ཡིག་འཛིན་རིག་ནུས་བཅས་རིག་ནུས་ཚན་པ་བཞི་རུ་ཕྱེ་སྟེ། བོད་དབྱིན་ཕར་ཚུར་ཡིག་བསྒྱུར་དང་། བོད་སྐད་ཡིག་འབེབ། བོད་ཡིག་ཀློག་འདོན་ཐུབ་པ། ཤིང་པར་སོགས་གློག་ཀླད་ནང་མེད་པའི་དཔེ་ཆ་འབོར་ཆེན་གློག་ཀླད་ནང་འཇུག་ཐུབ་པ་སོགས་ཀྱི་རིག་ནུས་ལྡན་འདུག་ལ། ད་ལྟའི་ཆར་སྨོན་ལམ་རིག་ནུས་ཚོད་ལྟའི་ལམ་བུར་ཡོད་ཅིང་། སྨོན་ལམ་རིག་ནུས་ནི་ད་སྔ་བར་དུ་བོད་ཕྱི་ནང་གཉིས་སུ་བོད་ཡིག་བོད་སྐད་ཀྱི་རིག་ནུས་སྤུས་དག་ཤོས་ཤིག་དང་སྣ་ཁ་འཛོམས་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།
བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་ནུས་པ་གོང་སྤེལ་ཞེས་པའི་ལས་གཞི་དབུ་འབྱེད་གནང་།
ཕྱི་ཟླ་ ༡༡ ཚེས་ ༣ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་ནུས་པ་གོང་སྤེལ་ (Strengthening Cultural Resilience of Tibetan Community) ཞེས་པའི་ལས་གཞི་ཞིག་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་པ་རྒན་པ་པུ་ནམ་སི་མི་ཐི་ཤི་རིན་ (Poonam Smith Sreen) ལགས། དེ་བཞིན་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་། ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། ཝཊ་ཝ་ན་མིས་བཟོས་རིག་ནུས་ཚོགས་པའི་ལས་བྱེད་བཅས་མཉམ་འཛོམས་གནང་འདུག བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་ཞེས་པའི་ལས་གཞི་འདི་ནི་བཙན་བྱོལ་ནང་གི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུར་དམིགས་པ་དང་། ལས་གཞི་འདིའི་ལས་དོན་གལ་ཆེ་ཤོས་ཤིག་ནི་བོད་ཀྱི་དཔེ་ཆ་རྙིང་པ་དང་རྫས་རྙིང་པ་སོགས་གྲངས་འཛིན་གྱི་ངོ་བོར་ཉར་ཚགས་དང་། རྒྱལ་སྤྱི་ཁྱོན་ཡོངས་ནས་བེད་སྤྱོད་ཚད་ལྡན་བྱེད་ཐབས་བྱ་རྒྱུ་ཡིན་འདུག གྲངས་མཛོད་དཔེ་མཛོད་ཀྱི་ལས་དོན་འདི་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། ཝཊ་ཝ་ན་ཚོགས་པ། སྨོན་ལམ་རིག་ནུས་ཚོགས་པ་མཉམ་སྦྲེལ་གྱིས་ལག་བསྟར་གནང་གི་ཡོད་འདུག
ཚོགས་དུས་དྲུག་པ་ངེས་མེད་དུ་གྲོལ། མཇུག་སྐྱོང་ཚོགས་འདུ་འགྱངས་དགོས་བྱུང་།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པ་དེ་ཕྱི་ཟླ་ ༩ ཚེས་ ༡༩ ནས་ཚེས་ ༢༨ བར་དུ་འཚོགས་གཏན་འཁེལ་ཡོད་ཀྱང་། གྲོས་ཚོགས་ནང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཅིག་ལ་ཐུག་ཡོད་མེད་ཀྱི་གླེང་རྙོག་བྱུང་རྗེས། བདེ་སྲུང་ལས་ཁུངས་ཀྱིས་གནད་དོན་དེ་གསལ་པོ་མ་བཟོས་བར་དུ་གྲོས་ཚོགས་ཀྱི་ལས་རིམ་གཞན་ལ་མཉམ་ཞུགས་གནང་རྒྱུ་མིན་སྐོར་གསུངས་ཏེ། ཕྱི་ཚེས་ ༢༢ ཏེ་ལས་ཉིན་བཞི་པའི་ཞོགས་པར་མདོ་སྟོད་སྤྱི་འཐུས་ ༡༠ དང་ཆོས་བརྒྱུད་སྤྱི་འཐུས་ ༩ ཡིས་གྲོས་ཚོགས་ནང་ཆ་ཤས་མ་བླངས་བར་བརྟེན། གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོངས་བར་དུས་ངེས་མེད་དུ་གྲོལ་དགོས་བྱུང་། ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་སྤྱི་འཐུས་རྒྱུན་ལས་ནས་ཐག་གཅོད་གནང་བ་བརྒྱུད་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་འདུ་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ ༢༩ བར་འཚོག་གཏན་འཁེལ་བའི་གསལ་བསྒྲགས་བསྐྱངས་ཡོད་ཀྱང་། ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་དབུས་གཙང་སྤྱི་འཐུས་ ༧ དང་མདོ་སྨད་སྤྱི་འཐུས་ ༩། གཞན་ཡུ་རོབ་སྤྱི་འཐུས་གཉིས་བཅས་ནས་སྔ་གཞུག་ཏུ་ཚོགས་གཙོ་སྦྲེལ་བོའི་མཚན་ཐོག་ཏུ་གཞུང་གྲོན་བསྲི་ཚགས་ཀྱི་ཆེད་དུ་མཇུག་སྐྱོང་ཚོགས་འདུ་དེ་ཕྱི་ཟླ་གསུམ་པའི་ཚོགས་དུས་བར་དུ་ཕྱིར་འགྱངས་ཡོང་བའི་རེ་སྐུལ་སྙན་ཞུ་ཕུལ། ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་ཚོགས་དྲུང་ལས་ཁུངས་ནས་རྒྱུན་ལས་ནང་རང་འཇགས་གནས་རྒྱུའི་མང་མོས་ཐག་གཅོད་བྱུང་བའི་བཀའ་ལན་གནང་། ཡིན་ནའང་། སྤྱི་འཐུས་ ༡༦ ལྷག་གིས་མཇུག་སྐྱོང་ཚོགས་འདུར་སྒེར་དགོངས་ཞུས་ཏེ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོངས་བར་བརྟེན། ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་བསྐྱར་དུ་ཚོགས་བརྡ་གནང་སྟེ། མཇུག་སྐྱོང་ཚོགས་འདུ་དེ་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༣ ནས་ ༡༦ བར་འཕར་འགྱངས་གནང་དགོས་བྱུང་ཡོད་པ་དང་། དེ་བཞིན་གྲོས་ཚོགས་ཚོགས་དུས་བདུན་པ་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ནས་ ༣༠ བར་དུ་འཚོག་གཏན་འཁེལ་ཡོད་པ་རེད།
མཁན་སྤྲུལ་གཉིས་ལ་གླིང་ཕྲན་རྒྱལ་རྒྱུད་ཅིག་གི་ཆེས་མཐོའི་གཟེངས་རྟགས་ཕུལ།
ཕྱི་ཟླ་ ༩ ཚེས་ ༡༠ ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་ཁེ་ལི་ཧྥོ་ནི་ཡ་མངའ་སྡེའི་ལྷོ་ཕྱོགས་སུ་ཡོད་པའི་ཨོ་རན་ཇི་རྫོང་ (Orange County) གི་གསེར་གྱི་རྒྱ་མཚོའི་ཚོགས་ཁང་ (Golden Sea Hall) དུ། གླིང་ཕྲན་རྒྱལ་ཁབ་ཧྥི་ལི་པིན་གྱི་རྒྱལ་རྒྱུད་ཀྱི་ཆེས་མཐོའི་གཟེངས་རྟགས་ (Royal Maharlika Knighthood & Awards) ཞེས་པ་འབུལ་བའི་མཛད་སྒོ་བསྡུས་ཡོད་པ་དང་། མཛད་སྒོའི་ཐོག་རྒྱལ་མོ་མ་རེ་ཡ་(Maria Amor Torres)ལགས་དང་། ཨ་ཧྥེ་རི་ཀའི་བྷེ་ནན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་སྲས་མོ་སིམ་ཕུ་སོན་རྣམ་གཉིས་ཀྱིས། འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ། ལས་རིགས་གསར་གཏོད་སོགས་ཀྱི་ཐོག་གྲུབ་འབྲས་འབུར་དུ་ཐོན་མཁན། བོད་དང་ཨ་རི། རྒྱ་གར། ཧྥི་ལི་པིན། སྦིར་ཛིལ། སིངྒ་ལ། བྷིན་ (Benin)། སོ་ལོ་མོན། གྷ་ནཱ། ཨེ་ཊ་ལི། ཁན་གྷོ། ནེ་ཇི་རི་ཡ། ཨི་ཁོ་ཨ་ཌོར་སྤྱི་མཐུན་རྒྱལ་ཁབ་ (Republic of Ecuador)། བྱང་མཱ་སི་ཌོ་ནི་ཡ་ (North Macedonia) སོགས་ནས་ཡིན་པའི་མི་སྣ་ ༧༠ ལ་རྒྱལ་རྒྱུད་ཀྱི་ཆེས་མཐོའི་གཟེངས་རྟགས་དེ་ཕུལ་ཡོད་པ་དང་། གཟེངས་རྟགས་བཞེས་མཁན་ནང་ཨ་རིའི་སི་ཡ་ཊོལ་མངའ་སྡེའི་ནང་ཡོད་པའི་ཧེ་རུ་ཀ་ལྟེ་གནས་ (Heruka Institute) ཀྱི་དབུ་འཛིན་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་རིན་པོ་ཆེ་དང་། འབྲས་ལྗོངས་ཀྱི་གསང་ཆེན་རྙིང་མའི་མཐོ་སློབ་ཐེག་དགུའི་ལེགས་བཤད་གླིང་གི་མཁན་པོ་ཀཿཐོག་རིག་འཛིན་རྡོ་རྗེ་རིན་པོ་ཆེ་རྣམ་པ་གཉིས་ལ་གཟེངས་རྟགས་དེ་ཕུལ་ཡོད་འདུག
བོད་ཀྱི་བཙོན་ཟུར་ཞིག་ལ་ཨ་རིའི་དམངས་གཙོ་ཡར་སྐུལ་ཚོགས་པའི་གཟེངས་རྟགས་ཐོབ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་ཨ་རིའི་དམངས་གཙོ་ཡར་སྐུལ་ཚོགས་ (National Endowment for Democracy) པའི་དམངས་གཙོའི་གཟེངས་རྟགས་དེ་སྙིང་སྟོབས་ཅན་གྱི་མི་སྒེར་ལ་ཕུལ་སྲོལ་ཡོད་པ་ལྟར། འདི་ལོར་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་། ཤར་ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ནི་ཁོ་ལ་སི་ (Nicholas Opiyo) ལགས་གཉིས་སུ་ཕུལ་ཡོད་པ་རེད། བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས་བཟོས་པའི་དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པ་བརྒྱུད། བོད་ནང་གི་དངོས་ཡོད་གནས་ཚུལ་དང་། གཞིས་ལུས་བོད་མི་རྣམས་ཀྱི་སེམས་སུ་ཡུན་རིང་བརྣགས་པའི་སྐད་ཆ་དང་། བོད་མིའི་མངོན་འདོད། བོད་མིའི་སེམས་ཚོར་ངོ་མ་རྣམས་རྒྱལ་སྤྱིའི་སྟེང་གསལ་སྟོན་ཐུབ་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་མཁས་པའི་བགྲོ་གླེང་ཐོག་བོད་དོན་གསུང་བཤད་གནང་།
ཕྱི་ཟླ་ ༨ ཚེས་ ༡ ནས་ ༢ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། འཚེ་བ་མེད་པའི་ཐབས་ལམ་ཐེབས་རྩ་ཁང་ (Foundation For Non-Violent Alternatives) གི་གོ་སྒྲིག་འོག རྒྱ་ནག་གཅིག་གི་སྲིད་ཇུས་དྲག་སྤྱོད་ཅེས་པའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་འཚོགས་ཡོད་ཅིང་། ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་གཞུང་ཚབ་ཆེན་མོ་ཟུར་པ་ལཱ་ཁཱན་མེ་ཧ་རོ་ཌི་རཱ་ (Lakhan Mehrotra) མཆོག་རྣམ་གཉིས་ཀྱི་དབུས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་དང་། ཉམས་ཞིབ་པ། གཙུག་ལག་སློབ་གླིང་ཁག་གི་སློབ་དཔོན། གཞུང་ཚབ་ཟུར་པ་བཅས་མཉམ་ཞུགས་གནང་ཡོད་འདུག ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གཅིག་གི་སྲིད་ཇུས་དེ་ནི་བོད་དང་འབྲེལ་བ་ཅི་ཡང་མེད་པ་ནན་བརྗོད་གནང་བ་དང་མཉམ་དུ། རྒྱ་ནག་གཅིག་གི་སྲིད་ཇུས་དེ་རྒྱ་ནག་དང་ཐའེ་ཝན་གྱི་འབྲེལ་བར་དམིགས་ནས་བཟོས་པ་དང་། ཕྱི་ལོ་ ༡༩༧༠ ཙམ་ནས་ཨ་རིས་རྒྱ་ནག་དང་ཐའེ་ཝན་བར་འབྲེལ་བ་བྱེད་ཕྱོགས་ཀྱི་སྲིད་ཇུས་ཤིག་ལས་གྲུབ་པ་ཡིན་ལ། ཕྱིས་སུ་རྒྱ་ནག་གི་མགོ་ཁྲིད་རིམ་པས་རྒྱལ་ཁབ་གཞན་དང་འབྲེལ་བ་བྱེད་སྐབས། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་བྱ་དགོས་པའི་བཙན་སྐུལ་བཏང་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་དེ་བོད་ལ་འཇུག་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོག་འགྲེལ་བྱས་ཏེ། རྒྱལ་ཁབ་གཞན་གྱིས་བོད་དང་འབྲེལ་བ་བྱེད་པར་དམ་དྲག་གི་ལག་ཆར་བེད་སྤྱོད་གཏོང་བཞིན་པའི་སྐོར་གསུངས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་སྐོར་སོགས་གསུང་བཤད་གནང་།
རྒྱལ་སྤྱིའི་མཛངས་མ་འགྲན་བསྡུར་ནང་བོད་མོ་ཞིག་ལ་ཨང་དང་པོ་ཐོབ།
ཕྱི་ཟླ་ ༦ ཚེས་ ༡༥ ནས་ ༢༡ བར་རྒྱ་གར་ཀེ་རེ་ལ་མངའ་སྡེའི་ (Pegasus Global Pvt Ltd.) ཚོགས་པས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་མཛངས་མ་འགྲན་སྡུར་ (Miss Glam World) ནང་། བོད་ཀྱི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་སུ་ཨང་དང་པོ་ཐོབ་ཡོད་པ་རེད། བསྟན་འཛིན་འཛོམས་སྐྱིད་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་འཚར་ལོངས་བྱུང་སྟེ། ད་ལྟའི་ཆར་སྦེལ་ཇམ་ནང་གནས་སྡོད་བྱེད་ཀྱིན་འདུག་ལ། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ནང་སྦེལ་ཇམ་གྱི་བུད་མེད་ཤོམ་སྟོན་མ་རྩེ་ཕུད་ཀྱི་ (Belgium Top Model) འགྲན་སྡུར་ཞིག་གི་ནང་དུའང་མཉམ་ཞུགས་བྱས་ཏེ། བུད་མེད་ ༤༠༠ ཡོད་པའི་ནང་ནས་དངོས་གཞིའི་འགྲན་སྡུར་གྱི་བུད་མེད་ ༦༥ ནང་འདེམས་ཐོན་བྱུང་ཡོད་འདུག་ལ། ཕྱི་ལོ་ ༢༠༢༡ ལོར་སྦེལ་ཇམ་མཛངས་མ་ཆེན་པོའི་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་ཡོད་པ་རེད།
རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་ཐོག་སྲིད་ཟུར་མཆོག་ནས་གསུང་བཤད་གནང་།
ཕྱི་ཟླ་ ༦ ཚེས་ ༡༥ ནས་ ༡༧ བར་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་རུ། མ་ཧཱ་ར་ཤི་ཌི་ཡ་མངའ་སྡེའི་ཨེམ་ཨེ་ཌི་གཙུག་ལག་སློབ་གཉེར་ཁང་ (MIT) གི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་འཚོགས་ཡོད་ཅིང་།ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་དང་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ། གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ། དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིས་གཙོས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་ཁྱོན་ཚོགས་བཅར་བ་ ༡༥༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག་ལ། ཚོགས་ཆེན་དེ་ནི་དམངས་གཙོ་གོང་འཕེལ་དང་། ཚོགས་བཅར་བ་ཕན་ཚུན་ཤེས་བྱ་བརྗེ་ལེན། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་མིང་དོན་མཚུངས་པ་ཞིག་ཡོང་ཐབས་སོགས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་འདུག ཚོགས་ཐོག་ཏུ་སྲིད་ཟུར་བློ་བཟང་སེངྒེ་མཆོག་གིས་རིགས་རུས་དབྱེ་འབྱེད་དང་། ལྐོག་ཟ་རུལ་སུངས། གནམ་གཤིས་འགྱུར་ལྡོག ཆོས་ལུགས་ཀྱི་འཛིན་སྟངས། ནག་ཉེས་ཆགས་ལུགས་སོགས་ལ་གདོང་ལེན་གནང་ཕྱོགས་སྐོར་གྱི་གསུང་བཤད་གནང་ཡོད་འདུག
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྒྱལ་ཁ་དྷ་སའི་རུ་ཁག་ལ་ཐོབ།
ཕྱི་ཟླ་ ༦ ཚེས་ ༡ ནས་ ༡༡ བར་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་དེ་དྷ་སའི་བོད་ཁྱིམ་རྩེད་ཐང་དུ་བསྡུས་ཡོད་པ་ལྟར། ཕྱི་ཚེས་ ༡༡ ཉིན་དྷ་ས་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་བར་གྱི་མཐའ་མའི་རྟིང་རྩོད་འགྲན་སྡུར་ཁྲོད། དྷ་སའི་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ཏེ་གསེར་གྱི་བུམ་པ་དང་། ཧིན་སྒོར་འབུམ་གཉིས་ཐོབ་ཡོད་པ་དང་། དེ་བཞིན་བོད་ཀྱི་ཟློས་གར་རུ་ཁག་གི་རྩེད་མོ་བ་བསྟན་འཛིན་ལྷག་པ་ལགས་སུ་སྤོ་ལོ་མང་ཤོས་བླུག་མཁན་གྱི་བྱ་དགའ་དང་། དོན་གྲུབ་གླིང་གི་སྒོ་ར་བ་བསྟན་འཛིན་རབ་དགའ་ལགས་སུ་སྒོ་ར་བ་ཡག་ཤོས། དྷ་ས་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་ཚེ་རིང་ལགས་སུ་རྩེད་འགྲན་པ་ལེགས་ཤོས། དེ་བཞིན་བོད་ཁྱིམ་རུ་ཁག་ལ་བཟང་སྤྱོད་ཡག་ཤོས་ཀྱི་རུ་ཁག་བཅས་ཀྱི་བྱ་དགའ་ཐོབ། འདི་ལོའི་རྩེད་འགྲན་ནང་ཨོ་གླིང་དང་། ཡུ་རོབ། བལ་ཡུལ། ལ་དྭགས་སོགས་ནས་རྩེད་འགྲན་རུ་ཁག་ ༡༦ གིས་མཉམ་ཞུགས་བྱས་ཡོད་འདུག
རྒྱལ་ཚོགས་ནང་བོད་དོན་གཏམ་བཤད་ལ་བར་ཆད་བཟོས།
ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༧ ནས་ཟླ་ ༤ ཚེས་ ༣ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༢ འཚོགས་པ་དང་བསྟུན། ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ལྷན་ཚོགས་དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ཉེན་ཁའི་ (Society for Threatened Peoples) འོག་ལྷུང་བའི་མི་མང་ཞེས་པའི་བརྗོད་གཞིའི་ཐོག་ནས། རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་གཏོར་གྱི་ཛ་དྲག་གནས་སྟངས་གླེང་སློང་གནང་བཞིན་པའི་སྐབས། རྒྱ་གཞུང་གི་སྐུ་ཚབ་ཀྱིས་ཁོང་མོའི་གསུང་བཤད་ལ་ཆེད་དུ་བར་ཆད་བཟོས་ཏེ། ཁོང་མོ་ནི་ཁ་བྲལ་རིང་ལུགས་པ་ཡིན་པ་དང་རྒྱ་ནག་གི་ས་ཁོངས་བདག་དབང་ལ་སྣང་ཆུང་བྱས་པ། དེ་བཞིན་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལ་འགལ་གྱི་ཡོད་ཚུལ་སོགས་བརྗོད་ནས་བཀག་འགོག་བྱེད་ཐབས་བྱས་ཡོད་ཀྱང་། ཨ་རི་གཞུང་གི་སྐུ་ཚབ་ནས་སྐབས་དེར་བོད་དོན་གསུང་བཤད་མུ་མཐུད་གནང་དགོས་གལ་ཆེ་བའི་རྒྱབ་སྐྱོར་དང་། ལྷན་ཚོགས་དེའི་གཙོ་འཛིན་གཞོན་པའི་བཀའ་ཁྲོལ་འོག་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུང་བཤད་མུ་མཐུད་མཇུག་སྐྱོང་གནང་ཡོད་པ་རེད། གཞན་ཡང་། ཕྱི་ཟླ་ ༦ ཚེས་ ༢༢ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༣ འཚོགས་བཞིན་པའི་སྐབས་དང་བསྟུན། སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས། བོད་དོན་ཞུ་གཏུག་མཉམ་སྦྲེལ་གྱི་འབྲེལ་མཐུད་པ་གྷོ་ལོ་རི་ཡ་མོན་ཊོ་གོ་མི་རི་ (Gloria Montgomery) ལགས་བཅས་ཀྱིས་ཟུར་ཚོགས་ཤིག་གི་སྟེང་། རྒྱ་ནག་གི་དབང་བསྒྱུར་འོག་བོད་ནང་ཆབ་སྲིད་ཀྱི་དྲག་གནོན་དང་། བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་བཞིན་པ། མི་རིགས་དབྱེ་འབྱེད། ཁོར་ཡུག་སོགས་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པའི་སྐོར་དང་། དེ་བཞིན་རྒྱའི་བཙོན་ཁང་དུ་ཉེས་མེད་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་དཀའ་སྡུག་ཇི་ཙམ་སྤྲོད་ཀྱི་ཡོད་མེད་དང་བོད་ནང་གི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཡོང་བར་རྒྱབ་སྐྱོར་གནང་གལ་ཆེ་བའི་འབོད་སྐུལ་སོགས་ཞུས་ཡོད་འདུག
སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོ་གསར་པ་ཐུགས་གཏན་འཁེལ།
ཕྱི་ཟླ་ ༡ ཚེས་ ༢༢ ནས་ ༣༡ བར་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ། ཕྱི་ལོ་ ༢༠༢༣ ལོའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ པ་འཚོགས་ཡོད་པ་ལྟར། ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༢༤ ནས་ ༢༠༢༦ བར་ལོ་ངོ་གསུམ་གྱི་རིང་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུའི་བཀའ་བཞེས་མཛད་འདུག ཕྱི་ལོ་ ༢༠༡༨ ལོ་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་སུ་བཞུགས་ཐད་གོ་བསྡུར་བྱུང་བར་རྙིང་མའི་མ་དགོན་དྲུག་ནས་རེས་མོས་གནང་རྒྱུ་ཐག་གཅོད་གནང་ཡོད་ནའང་། ༢༠༢༠ ལོའི་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས། ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་ལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་གསོལ་འདེབས་ཞུས་ཀྱང་། བསྟན་འགྲོའི་བདེ་རྩར་དགོངས་བཞེས་ཀྱིས་ཞལ་བཞེས་གནང་མེད་པར་བརྟེན། རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་སྔ་འགྱུར་རྙིང་མའི་བསྟན་དོན་དང་འབྲེལ་བའི་གནད་དོན་རྣམས་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་རྒྱུར་ཐག་གཅོད་བྱུང་ཡོད་པ་རེད།
གསར་འགོད་པ་བསྟན་འཛིན་ཕུར་བུས་ཕྱོགས་སྒྲིག་བྱས།