རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགན་འཛིན་གཞོན་པ་ཀྲང་ཡུང་ཙི་ཟེར་བ་ཞིག་གིས་རྒྱ་སྒོར་ཁྲི་ ༥༡༨༡ ལྐོག་རྔན་བླངས་ཡོད་པའི་ནག་ཉེས་འོག་ལོ་ ༡༤ ཡི་ཁྲིམས་ཐག་བཅད་ཡོད་འདུག
ཞི་ཅིན་ཕིན་གཞུང་གིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བ་སོགས་ཀྱི་ནག་ཉེས་འོག་ཁྲིམས་ཆད་ཕོག་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཧྲན་ཞི་ཞིང་ཆེན་གྱི་ཞི་ཨན་གྲོང་ཁྱེར་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགན་འཛིན་གཞོན་པ་ཟུར་པ་ཀྲང་ཡུང་ཙེ་ཟེར་བས། ལྐོག་རྔན་རྒྱ་སྒོར་ཁྲི་ ༥༡༨༡ བླངས་པའི་ནག་ཉེས་བཙུགས་ཏེ་མི་ལོ་ ༡༤ ལ་བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་ས་ཡ་ལྔས་ཆད་པ་བཅད་ཡོད་འདུག
གནད་དོན་དེ་དང་འབྲེལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་འདི་གའི་གསར་འགོད་པར། ཞི་ཅིན་ཕིན་གྱིས་རྒྱ་ནག་གཞུང་གི་སྲིད་དབང་བཟུང་བ་ནས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་གཡོགས་ཏེ་དཔོན་རིགས་མང་པོ་ཞིག་གནས་དབྱུང་གཏོང་གིན་ཡོད། གནད་དོན་དེ་དག་ལ་ཞིབ་ཀྱིས་བལྟས་ན། ཞི་ཅིན་ཕིན་གྱིས་ནག་ཉེས་གཡོགས་ནས་གནས་དབྱུང་དང་ཁྲིམས་ཐག་བཅད་པ་དག་ནི་ཁ་གཏད་ཚོགས་པའི་མགོ་ཁྲིད་ཤ་སྟག་ཡིན་པས། སྤྱིར་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་གཡོགས་ཀྱི་ཡོད་ཀྱང་། དོན་ལ་ཞི་ཅིན་ཕིན་གྱིས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ཁོ་རང་གི་དབང་ཆ་སྲ་བརྟན་ཡོང་ཐབས་ཀྱི་དམིགས་འབེན་བཟུང་ནས་ཁ་གཏད་ཚོགས་པའི་འཐུས་མི་དག་འབུར་འཇོམས་གཏོང་གིན་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།
འདས་ལོའི་ཕྱི་ཟླ་ ༩ ཚེས་ ༧ ཉིན་ཀྲང་ཡུང་ཙི་ཟེར་བས་ལྐོག་རྔན་བླངས་ཡོད་པའི་དོགས་གཞིའི་འོག་འདྲི་རྩད་བྱེད་མགོ་བཙུགས་ཡོད་ཅིང་། ཁོས་ཕྱི་ལོ་ ༢༠༠༣ ནས་༢༠༢༡ བར་མི་ལོ ༡༩ ལྷག་གི་རིང་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཚན་པས་འགན་འཛིན་གཞོན་པ་དང་འགན་འཛིན། བོད་ལྷོ་ཁ་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་གཙོ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་ཚོགས་མི་བཅས་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཞི་ཅིན་ཕིན་གྱིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟེར་བའི་ཐོག རྒྱ་ནག་གཞུང་གིས་འཕེལ་རྒྱས་ཟེར་བ་དང་། གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་ཟེར་བ་ཡོང་ཐབས་བྱ་དགོས་སྐོར་དང་། རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་མེད་པར་བཟོ་དགོས་ལུགས་བཤད་དེ། “རུལ་སུངས་བྱེད་མི་ཕོད་པ་དང་།” “རུལ་སུངས་བྱེད་མི་རུང་བ།” “རུལ་སུངས་བྱེད་མི་འདོད་པ” ཟེར་བ་བྱ་དགོས་ལུགས་བཤད་འདུག
སྤྱིར་འདས་པའི་ཟླ་བ་གསུམ་ལྷག་གཅིག་པུའི་ནང་། རྒྱ་ནག་ཀང་ཏུང་ཞིང་ཆེན་གྱི་ཅང་མཱེན་གྲོང་ཁྱེར་ཁའེ་པིང་ (Kaiping) ས་ཁུལ་དུ་ཡོད་པའི་རྒྱ་ནག་དངུལ་ཁང་ (Bank of China) གི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་ཞུ་ཀོ་ཅུན་ (Xu Guojun) གྱིས་ལྐོག་རྔན་ཕོན་ཆེན་བླངས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན་རྒྱ་ནག་ཧུའུ་པེ་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་ཚའོ་ཀོང་ཅིན་ཟེར་བ་ཞིག་གིས་རྒྱ་སྒོར་དུང་ཕྱུར་ ༢ ལྷག་གི་ལྐོག་རྔན་བླངས་ཡོད་སྐོར་དང་། རྒྱ་ནག་གི་དངུལ་ཁང་གི་སྔར་གྱི་ལས་འཛིན་དཔོན་ལིའུ་ལེན་ཀི་ (Liu Liange)ཟེར་བ་དེས་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་བུ་ལོན་གཡར་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༦ ནང་མཐོང་ཐོས་མེད་པར་གྱུར་བའི་ཕྱི་སྲིད་བློན་ཆེན་ཆིན་གང་དང་། ཕྱི་ཟླ་ ༨ པའི་ནང་གར་སོང་ཆ་མེད་དུ་གྱུར་བའི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥོའུ་གཉིས་གློ་བུར་དུ་བློན་ཆེན་གྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་མང་པོས་ཁོ་གཉིས་གནས་དབྱུང་བཏང་བའི་གནད་དོན་དེ་ནང་ཁུལ་གྱི་ཆབ་སྲིད་འཁྲུག་རྩོད་དང་དམིགས་བསལ་དམག་དོན་ཐད་ཀྱི་དཀའ་རྙོག་མངོན་གསལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཡོད། དེ་བཞིན་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་མེ་ཤུགས་འཕུར་མདའི་དམག་སྤྱི་ལི་ (Li Yuchao) དང་དམག་སྤྱི་གཞོན་པ་ཀྲང་ཀྲན་ཀྲོང་(Zhang Zhenzhong)། དེ་བཞིན་འབྲེལ་ཡོད་ལིའུ་(Liu Guangbin)བཅས་ལ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འདྲི་གཅོད་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།
ཁ་གཏད་ཚོགས་པར་འབུར་འཇོམས་ཟེར་བ་དེ་ཀྱི་མི་འགའ་ཤས་ཀྱི་ཟེར་འགྲོས་ཙམ་མ་གཏོགས་དོན་དངོས་སུ་དང་སུ་འབྲེལ་བ་ཡོད་མེད་དང་། ཞིབ་ཕྲའི་རྒྱབ་ལྗོངས་གང་ཡིན་ཞིབ་འཇུག་ཏིལ་ཙམ་མེད་པའི་སྐད་ཆ་རེད།