མིར་ཇམ་བྷི་ཌི་ཊལ་མི་སི་པི་རོས་བརྩམས།
གཟི་མིག་གིས་དབྱིན་ཡིག་ནས་བསྒྱུར།
ང་ཚོས་རྒྱལ་སྤྱིའི་ཧོ་ལོ་ཁ་སིའི་དུས་དྲན་སྲུང་གཙི་བྱེད་དུས། ངས་རང་ཉིད་ཀྱི་ལོ་རྒྱུས་དེ་མི་འཆད་ཀ་མེད་བྱུང་ལ། ངའི་མི་ཚེའི་གཏམ་རྒྱུད་དེས་ལོ་རྒྱུས་ཁྲོད་ཀྱི་ཆེས་སྨག་ནག་པའི་དུས་སྐབས་རེ་འགར་གསལ་སྟོན་བྱ་ཐུབ།
ཕྱི་ལོ་ ༡༩༣༥ ལོར་ང་རང་འཇར་མན་དུ་སྐྱེས་ཤིང་། འཇར་མན་གྱི་ན་ཛི་ནང་གི་ཀི་སི་ཌིལ་ནཱག་(Kristallnacht) གི་དོན་རྐྱེན་ནས། ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཨི་ཛི་རིལ་གྱི་ཛི་ཀིམ་དུ་དྲག་པོའི་གཏོར་རྒོལ་བྱེད་དུས་བར། ངའི་མི་ཚེ་ནི་རང་ཉིད་ལ་གདམ་ག་གང་ཡང་མེད་པར། གཏོར་རྒོལ་དང་འཇིགས་སྣང་། འཚོ་གནས། འཐབ་རྩོད་བཅས་ཀྱི་བདེན་དཔང་ཞིག་རེད། དེར་བརྟེན། ངའི་མི་ཚེའི་གཏམ་རྒྱུད་དེ་གོ་ཐོས་བྱ་བཅུག་དགོས་ཤིང་། དེ་ནི་ཧོ་ལོ་ཁ་སིའི་དུས་ཚིགས་རྗེས་དྲན་ (Holocaust Memorial Day) གྱི་ཉིན་མོར་གླེང་སློང་ཇེ་ཆེར་བྱ་དགོས་པ་ཞིག་ཡིན།
ང་རང་ལོ་གསུམ་དང་ཕྱེད་ཀར་སོན་དུས་ཀི་སི་ཌིལ་ནཱག་གི་དམར་གསོད་ཀྱི་མེ་ལྕེ་དེ་ངའི་ནང་མིའི་མགོ་བོར་ལྷུང་། སྐབས་དེར་ང་རང་ཧ་ཅང་ཆུང་ནའང་ཕ་མ་གཉིས་ཀྱི་མལ་ཁྲིའི་འོག་ཏུ་ཡིབ་སྐབས། དྲག་དམག་དེ་དག་གིས་ཨ་ཕ་ཕྱིར་ཡོང་མེད་པའི་རྒྱང་རིང་ཞིག་ཏུ་ཁྲིད་ཡོད་ཅིང་། ངེད་ཚང་གི་ཆག་སྐྱོམ་ཤོར་བའི་སྒོ་ལས་ཕྱི་རོལ་ནས་ལྡང་བའི་དུ་ཞགས་ཀྱི་དྲི་ངན་ཐུལ་བའི་མཚན་མོའི་དོན་རྐྱེན་དག་སེམས་ཁོངས་སུ་ཝ་ལེར་ཤར་གྱི་འདུག་ལ། བྱིས་པའི་འགྲིམ་འགྲུལ་ (Kinder Transport) གྱིས་ང་དང་། ནུ་མོ། གཅུང་པོ་སོགས་འཇིགས་སྣང་ཆེ་བའི་ས་ཚིགས་ལས་བསྐྱབས་ནས་ང་ཚོའི་སྲོག་རྟེན་ལྟ་བུ་ཞིག་ཏུ་གྱུར་ཡོད་ཀྱང་། ཕྱིས་སུ་ངའི་ཨ་མ་ལོ་སི་གྷེ་ཌོ་( Lodz Ghetto) དང་ཨ་ཕ་ཨ་ལ་ཤི་སི་ (Auschwitz) ནས་འདས་གྲོངས་སུ་གྱུར་བ་རེད།
ཕྱི་ལོ་ ༡༩༣༩ ལོར་ཕ་མ་དང་ཕ་ཡུལ་ཤོར་བའི་བྱིས་པ་ང་རང་དབྱིན་ཡུལ་དུ་འབྱོར་ཏེ། ངའི་སེམས་ཀྱི་ན་ཟུག་བཟོད་ཐབས་བྲལ་ནའང་གནས་མལ་ཞིག་བཅས་ནས་འཚོ་བ་གསར་པ་ཞིག་རོལ་མགོ་བཙུགས་པ་ཡིན། དམག་འཁྲུག་རྗེས་ཀྱི་མི་ལོ་བཅུ་ཡི་རྗེས་ང་རང་ཨི་ཛི་རིལ་དུ་གནས་སྤོར་བྱས་རྗེས། དེ་ནི་ངའི་གཞིས་ཁྱིམ་དུ་གྱུར་ནས། ཕྱི་ཟླ་ ༡༠ ཚེས་ ༧ བར་བག་ཡངས་དང་། ཞི་བདེ། བདེ་འཇགས་ཀྱི་འཚོ་བ་ཞིག་རོལ།
ཀི་སི་ཌིལ་ནཱག་གི་དམར་གསོད་དོན་རྐྱེན་གྱི་རྗེས་དྲན་ཐེངས་ ༨༥ པ་བྱས་ནས་བདུན་ཕྲག་ཁ་ཤས་རྗེས། ཧཱ་མ་སིས་ཨི་ཛི་རིལ་གྱི་མཐའ་མཚམས་ཁུལ་དུ་གཏོར་རྒོལ་བྱས་ནས། ཀླ་ཀློ་ལྟ་བུའི་དྲག་དམག་དེས་མི་གྲངས་ ༡༢༠༠ དམར་གསོད་དང་། ཉེས་མེད་མི་གྲངས་ ༢༥༠ བཙན་ཁྲིད་བྱས་པས། གློ་བུར་དུ་ཞི་བདེ་བག་ཡངས་སུ་གནས་པའི་ང་ཡི་ཀཱ་བྷ་ཐི་ (Kibbutz) རུ་མདེའུ་མེ་སྟག་མཆེད་པ་དང་། ཆག་རལ་དུ་གྱུར་བའི་ཤེལ་སྒོ་དག་ལས། རང་ཉིད་ཀྱི་འཚོ་གནས་བྱ་སའི་ས་ཚིགས་དེ་གཏུམ་དྲག་ཅན་གྱི་གཡུལ་ས་ཞིག་ཏུ་གྱུར་སོང་།
འཇིགས་སྣང་དེའི་ཁྲོད་ནས་ངས་རང་ཉིད་ཀྱིས་རང་ཉིད་ལ་”ང་རང་མི་སྐྲག ངས་སྐྲག་སྣང་ཞེས་པ་མི་ཤེས། ང་རང་དེར་གོམས་ནས་ཡོད།” ཅེས་བཤད་མྱོང་ལ། ཕྱི་རོལ་དུ་དྲག་དམག་ཡོད་པར་ཤེས་ནས་ཆུ་ཚོད་བཅུ་གཉིས་རིང་རང་གནས་སུ་ཡིབས་པ་ཡིན། ངས་གཞན་སུ་ལའང་རོགས་འདེགས་བྱ་མི་ཐུབ་སྟེ། ལོ་རྒྱུས་ཀྱི་གོད་ཆག་སླར་ཡང་ཡོ་ལང་བྱེད་ཀྱིན་ཡོད་པའི་ཚོར་སྣང་ཞིག་བྱུང་། ང་དང་ཀཱ་བྷ་ཐི་ཡི་མི་མང་མང་པོ་ཞིག་གསོན་གནས་ཐུབ་པས། ངས་ཛི་ཀིམ་ (Zikim) གྱི་དམག་དོན་དཔུང་སྡེ་ལ་ཐུགས་རྗེ་ཆེ་ཞུ། འོན་ཀྱང་། སླར་ཡང་དོན་རྐྱེན་དེའི་ཁྲོད་ནས་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་སོང་བ་རེད།
ཉིན་གཉིས་ཀྱི་རྗེས་སུ་ང་ཚོ་ཚུད་པའི་ཚོགས་སྡེ་ཉེར་གཅིག་ལ་གོད་ཆག་ཕོག་ཡོད་པའི་གནད་དོན་ཤེས་མཚམས། ངས་འདས་དོན་ཞིག་ཕྱིར་ལ་ལོག་པའི་སྣང་ཚུལ་དེའི་ཁྲོད་ནས་ཆུ་ཚོད་ཕྱེད་ཀ་ཙམ་ལ་ཁུར་བོ་བསྡམས་མཐར། རང་ཁྱིམ་ཤུལ་དུ་བསྐྱུར་དགོས་བྱུང་བས། ངའི་མི་ཚེའི་ནང་ད་ཐེངས་ནི་བཙན་གྱིས་རང་ཁྱིམ་བཞག་ནས་འགྲོ་ཐེངས་གཉིས་པ་ཡིན་ཡང་། ང་རང་རེ་སྙེག་གི་ཆེད་དུ་འདི་ལྟར་གྱེས་འདོད་གཏན་ནས་མེད་ལ། རང་ཉིད་ཀྱི་ས་ཐོག་ནས་སྐྱབས་བཅོལ་བ་ཞིག་བཅའ་འདོད་གཏན་ནས་མེད་པས། ཟླ་ངོ་བཞི་ཙམ་ལ་རྡོག་ཁྲེ་ཅི་ཡང་མེད་པར་མགྲོན་ཁང་དུ་བསྡད་དགོས་བྱུང་ཡང་། ངས་རེ་བ་གཏན་ནས་འཆོར་མ་མྱོང་།
རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་འཚོ་གནས་ཀྱི་གོམ་འགྲོས་ཚོགས་པས་ (March of the Living) ཨི་ཛི་རིལ་གྱི་སྲིད་འཛིན་གྱི་སྡོད་ཁང་དུ་ང་དང་ཞུབས་ཞུ་བ་གཞན་རྣམས་ལ་བྱིས་པའི་ཐོབ་ཐང་འཐབ་རྩོད་དང་རྩོད་ལེན་གྱི་ཞབས་ཞུའི་ངོ་བོའི་ཐོག་ནས་གཟེངས་རྟགས་སྤྲད་པར་དགའ་ཚོར་ཆེན་པོ་བྱུང་། གཟེངས་རྟགས་འདིས་ངའི་ནང་མི་ཚུད་པའི་ཧོ་ལོ་ཁ་སིའི་དོན་རྐྱེན་གྱི་འཇིགས་སྣང་ཁྲོད་ནས་བྲོས་བྱོལ་དུ་ཕྱིན་ཏེ་སྐྱབས་བཅོལ་དུ་གྱུར་བའི་ཇེའུ་ཤི་མི་རིགས་ཀྱི་བྱིས་པ་གྲངས་ ༡༠༠༠༠ ལྷག་གི་མི་ཚེའི་བརྒྱུད་རིམ་ལ་ཆེ་བསྟོད་བྱས་པའི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན་པར་ངོས་འཛིན་བྱས་ཡོད། འོན་ཀྱང་། འཇིགས་སྣང་གི་དོན་རྐྱེན་དེ་དག་གི་ཁྲོད་ནས་ང་ལ་ཉམས་མྱོང་ཚད་ལྡན་མེད་ལ། སུའང་དོན་རྐྱེན་དེའི་ཁྲོད་དུ་ཚུད་མི་འདོད་པ་ཡིན།
ཧོ་ལོ་ཁ་སི་དོན་རྐྱེན་དེ་ནི་ང་ལ་མཚོན་ན་དམིགས་བསལ་བ་ཞིག་ཡིན་ཡང་། དེས་ངའི་འདས་མ་འོངས་གཉིས་གཏན་ནས་མཚོན་མི་ཐུབ་ལ། དོན་རྐྱེན་དེའི་མེ་ལྕེ་མཆེད་མཚམས་བཞག་ཟིན་ནའང་། ཕྱི་ཟླ་བཅུ་པའི་ཚེས་ ༧ ནས་རང་ཁྱིམ་དང་། ཚེ་སྲོག རེ་སྙེག་དེ་དག་གི་ཐོག་ཏུ་སླར་ཡང་མེ་ལྕེ་གཞན་ཞིག་འབར་སོང་བས། མེ་ལྕེ་དེ་དག་རྨེག་མེད་དུ་བཟོ་རྒྱུ་དང་། རྨ་ཁ་སེམས་སུ་གཟུང་རྒྱུ། དེ་བཞིན་ང་ཚོའི་ཤོར་ཟིན་པ་མཐའ་དག་སླར་གསོ་བྱ་རྒྱུ་ནི་འུ་ཅག་གི་ཕྲག་ཏུ་བབ་པའི་འགན་འཁྲི་རེད།
ད་ལན་ང་རང་ལ་རྒྱབ་སྐྱོར་བ་དང་རེ་བས་ཕོངས་པ་ཞིག་གཏན་ནས་མིན་པར་ང་རང་གཞིས་ཁྱིམ་དུ་ལོག་ངེས་ཡིན་ཏེ། དྲག་རྒོལ་མ་བྱས་པའི་ཉིན་འགའི་གོང་ངས་རང་གི་སྐྱེས་ཚལ་དུ་ཤིང་སྡོང་ཞིག་བཏབ་ཡོད་པས། ང་རང་ཁྱིམ་དུ་ལོག་ནས་དེར་ལྟ་སྐྱོང་བྱ་རྒྱུ་ཡིན་ལ། ངའི་སེམས་དབུས་ནས་བུ་རབས་ཚ་རྒྱུད་དག་གིས་ད་དུང་ཡང་ཤིང་སྡོང་དེའི་སིལ་ཏོག་ལ་རོལ་མྱོང་བྱེད་ཀྱི་ཡོད་པའི་སེམས་འདུན་ཞིག་བཅངས་ཡོད།
ཡིག་སྒྱུར་བའི་མཆན།
༡)ཧོ་ལོ་ཁ་སིའི་རྗེས་དྲན་ཉིན་མོ་(Holocaust Memorial Day) ། ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ཇེའུ་ཤི་མི་རིགས་རྩ་གཏོར་གཏོང་བའི་དུས་དྲན་རྗེས་དྲན་གྱི་ཉིན་མོར་གཏན་འབེབས་བྱས་ཡོད།
༢)ཀི་སི་ཌིལ་ནཱག་(Kristallnacht) ། ཕྱི་ལོ་ ༡༩༣༨ ཟླ་ ༡༠ ཚེས་ ༡༠ ཉིན་ཇེའུ་ཤི་མི་རིགས་གཙོས། དེ་དག་གི་འཚོ་གནས་དང་སློབ་གྲྭ་སོགས་གཏོར་རྒོལ་གཏོང་བའི་དོན་རྐྱེན་ལ་ཟེར། མིང་གཞན་དུ་གས་ཆག་ཤོར་བའི་ཤེལ་གྱི་མཚན་མོ་ (Night of Broken Glass) ཡང་ཟེར།
༣)རྩོམ་ཡིག་དེའི་ཁ་བྱང་རིང་དྲགས་པས་ཡིག་བསྒྱུར་བས་བཅོས་པ་ཡིན།
མ་ཡིག་གི་འབྲེལ་ཐག https://edition.cnn.com/2024/01/27/opinions/holocaust-memorial-day-nazi-hamas-survivor-szpiro/index.html