བོད་རྒྱལ་ལོ་ ༢༡༥༠ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་བཀའ་ཆོས།
ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༣ ཚེས་ ༧ ཉིན་ཆོ་འཕྲུལ་སྨོན་ལམ་གྱི་དུས་ཆེན་ཏེ་བོད་ཟླ་ ༡ ཚེས་ ༡༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་དད་ལྡན་དོན་གཉེར་ཅན་སྟོང་ཕྲག་དུ་མར་སྐྱེས་རབས་དང་སེམས་སྐྱེད་ཀྱི་བཀའ་ཆོས་བསྩལ། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་ནམ་རྒྱུན་ལྷ་སར་སྨོན་ལམ་ཆེན་པོ་འཚོགས་པའི་ལམ་སྲོལ་འདི། ཕལ་ཆེར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཤིག་ཕྱིན་ཚར་བ་རེད། དེང་སྐབས་བོད་ལ་སྨོན་ལམ་ཆེན་པོ་འཚོག་རྒྱུ་འདི་གནས་སྐབས་དཀའ་ངལ་འཕྲད་བསྡད་པ་ཞིག་རེད་དེ། བོད་རྒྱ་ཆེ་མི་མང་གིས་བསྟན་པ་དང་འགྲོ་བའི་དོན་ལ་ལྷག་བསམ་དང་སྙིང་སྟོབས་ཡོད་པ་དེ་ང་ཚོས་མུ་མཐུད་དུ་འཁྱེར་དགོས་པ་དང་། ང་ཚོ་འདིར་བཙན་བྱོལ་བ་བྱས་ནས་བསྡད་ཡོད་རེད། ཅེས་སོགས་བཀའ་སློབ་བསྩལ།
ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༨ དང་ ༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སོག་པོའི་ཨ་ལན་པཱ་ཐར་(Ulaanbaatar) གྱི་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པ་གཙོས་བོད་སོག་བླ་སྤྲུལ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་དད་ལྡན་སེར་སྐྱ་མི་གྲངས་ ༦༠༠ དང་། རྒྱལ་ཁབ་འདྲ་མིན་ ༦༦ གི་ཆོས་ཞུ་བ་སེར་སྐྱ་མི་མང་གྲངས་ ༡༢༠༠༠ ལྷག་ལ་བདེ་མཆོག་ནག་པོ་བའི་བཀའ་དབང་བསྩལ། སྐབས་དེར་ལོ་ཤས་སྔོན་ངོས་ཀྱི་རྨི་ལམ་དུ་ལྷ་ས་གཙུག་ལག་ཁང་དུ་མཆོད་མཇལ་ལ་འགྲོ་ཡི་འདུག ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་མདུན་དུ་སླེབས་སྐབས་ངོས་ཀྱིས་དད་པ་བྱས་ཏེ་མཇལ་སྐབས་རང་བྱུང་ལྔ་ལྡན་གྱིས་མིག་བཙུམ་སྐྱོན་གྱི་འདུག ངོས་རང་སེམས་ཧ་ཅང་སྐྱོ་བྱུང་། དེ་ནས་ཡར་ཕྱིན་ནས་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱིས་མིག་བཙུམ་སྐྱོན་ཞིང་། བཞད་མོ་བཞད་དེ་ཐུགས་ཧ་ཅང་མཉེས་པོ་གནང་གི་འདུག ངོས་རང་ཐུགས་རྗེ་ཆེན་པོའི་མགུལ་ནས་ཡར་འཁྱུད་དེ་ངུས་པ་ཡིན། སྐབས་དེར་ཐུགས་རྗེ་ཆེན་པོས་ཀྱང་སྤྱན་ཆབ་གནང་གི་འདུག བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས།། བརྟེན་སྤྲོ་ལེ་ལོ་མ་མཆིས་ཤིང༌།། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས།། བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། ཅེས་ཚིགས་བཅད་འདི་གསུངས་སོང་། དེ་ནི་སྙིང་སྟོབས་ཞུམ་པ་མེད་པ་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད། ཅེས་སོགས་བཀའ་སློབ་བསྩལ།
ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་བརྟན་སྡེ་བའི་ལུགས་ཀྱི་སྟོན་པ་ཐུབ་པའི་དབང་པོ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་གསུང་འཕྲིན་ཞིག་བསྩལ་བའི་ནང་། ང་ཚོས་ཕན་ཚུན་གྱི་རང་དབང་ངོས་འཛིན་ཐོག་ནས། འཛམ་གླིང་གི་མི་འབོར་ཐེར་འབུམ་བརྒྱད་པོ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་པ་དྲན་དགོས། དེ་རིང་གི་དུས་ཆེན་ཁྱད་པར་ཅན་འདི་བརྒྱུད་ནས། ངོས་ཀྱིས་གཅེན་གཅུང་ཡོངས་ལ་སེམས་པ་བཟང་པོའི་ཐོག་ནས་མི་ཚེ་དོན་དང་ལྡན་པ་བསྐྱལ་དགོས་པ་དང་། གཞན་གྱི་དཀའ་ངལ་ལ་སེམས་འཁུར་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། སེམས་པ་བཟང་པོ་ནི་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་ལྡེ་མིག་ཡིན་ཞེས་སོགས་གསུངས།
ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ས་ག་ཟླ་བའི་ཉིན་དང་པོའི་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས། ང་ཚོས་མ་ཎི་གསོག་པའི་ཚིག་ཙམ་མ་ཡིན་པར་དོན་དག་ལ་བསམ་བློ་ཡག་པོ་བཏང་སྟེ་གང་ཐུབ་ཅི་ཐུབ་ཀྱིས་ལག་ལེན་ཐོག་གཞན་ཕན་གྱི་ལས་ལ་བརྩོན་དགོས་པ་དང་། གཞན་ལ་གནོད་སེམས་བརྣག་སེམས་སོགས་མི་བྱེད་པ་ནི་ང་ཚོ་བོད་པའི་གོམས་གཤིས་རེད་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱི་རྟགས་མཚན་ཡང་དེ་དག་ཆགས་ཡོད། དེར་བརྟེན། ངོས་རང་ཚུད་པའི་ང་ཚོ་ཚང་མས་ཧུར་ཐག་འབད་ཐག་གནང་ཤོག མ་ཎི་དུང་སྒྲུབ་ཀྱི་སྙིང་བོ་ནི་བྱང་ཆུབ་ཀྱི་སེམས་སྒོམ་ནས་བསམ་བློ་ཡག་པོ་གཏོང་རྒྱུ་དེ་རེད། ཞེས་སོགས་བཀའ་སློབ་བསྩལ།
ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༠ ནས་ ༣༡ བར་ཉིན་གཉིས་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གཞོན་སྐྱེས་རྣམས་གཙོ་བོར་གྱུར་བའི་དད་ལྡན་དོན་གཉེར་ཅན་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་ཅིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེ་རིང་བོད་རིགས་གཞོན་ནུ་རྣམས་གཙོ་བོ་བྱས་ནས་སེམས་བསྐྱེད་ཀྱི་སྐོར་བཤད་པར་རེ་འདུན་བྱུང་བ་རེད། སེམས་བསྐྱེད་ཟེར་བ་ཞེ་བོ་བཟང་པོ་ཞིག་རེད། སེམས་པ་བཟང་པོ་བྱས་ནས་སྤྱི་སེམས་འཁྱེར་རྒྱུ་དེ་ཞེ་བོ་རྩ་ཆེན་པོ་རེད། ངའི་ངོས་ནས་ཆ་བཞག་པ་ཡིན་ནའང་། ཞོགས་པར་ཡར་ལངས་པ་དང་། སེམས་བསྐྱེད་ལ་བསམ་བློ་གཏོང་གི་ཡོད། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཡོངས་སུ་རྫོགས་པ་དང་། བྱེ་བྲག་ཏུ་མིའི་འགྲོ་བ་གཙོ་བོར་གྱུར་བའི་སེམས་ཅན་གྱི་དོན་དུ་ཉིན་ལྟར་སྨོན་ལམ་འདེབས་བཞིན་ཡོད། དེ་དངོས་གནས་དྲང་གནས་སེམས་སུ་ཞི་བདེ་སླེབས་རྒྱུ་དང་། སེམས་ལྷོད་ལྷོད་ཆགས་པར་ཕན་ཐོགས་འདུག ངོས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་པར་གལ་ཆེན་པོ་བརྩི་ཡི་ཡོད། དེའི་གྲོགས་བྱེད་མཁན་སྟོང་ཉིད་ཀྱི་ལྟ་བ་རེད། ཉིན་ལྟར་བསམ་བློ་གཏོང་བཞིན་ཡོད། སེམས་བཟང་པོ་བྱེད་པ་ཞེ་བོ་ཕན་ཐོགས་འདུག ཞེས་སོགས་བཀའ་སློབ་བསྩལ།
ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འཛམ་གླིང་རྒྱལ་ཁབ་ ༤༤ ནས་ཕེབས་པའི་ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རབ་འབྱམས་པའི་བསླབ་པ་མཐར་སོན་པ་དང་། གཙུག་ལག་རབ་འབྱམས་པའི་སློབ་གཉེར་བ་གྲངས་ ༤༨༤ གཙོས་ཁྱོན་མི་གྲངས་ ༥༠༠ ལྷག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ལྡི་ལི་བོད་ཁང་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་སོགས་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བསྩལ་སྐབས། བོད་པར་དུས་ད་ལྟ་བར་རིག་གཞུང་ལ་དཔྱད་པ་བྱེད་པའི་ལམ་སྲོལ་ནུས་པ་དང་ལྡན་པ་ཞིག་ཡོད་པ་དེ། མུ་མཐུད་ནས་མི་རབས་རྗེས་མ་རྣམས་ལ་བརྒྱུད་སྤྲོད་བྱ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་ཅེས་སོགས་གསུངས།
ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༤ ཉིན་གྱི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ས་ག་ཟླ་བའི་དུས་ཆེན་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། སེམས་བསྐྱེད་ཀྱི་བཀའ་ཆོས་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་ངོས་རང་ལ་མཚོན་ན་༸རྒྱལ་བ་རིན་པོ་ཆེའི་མིང་ཡོད་ཀྱང་། ངོས་རང་ཆེན་པོ་ཡིན་བསམ་པ་རྩ་བ་ཉིད་ནས་མེད། དངོས་གནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་ཏེ་དུས་རྟག་ཏུ་དམན་ས་བཟུང་ནས་སྡོད་ཀྱི་ཡོད། དེ་ནི་ཉོན་མོངས་ང་རྒྱལ་གྱི་ཤུགས་མར་གཅོག་པ་དང་། དེ་མར་བཅག་ཚེ་ཕྲག་དོག་ཡོང་བའང་ཤུགས་ཆུང་དུ་འགྲོ་ཡི་རེད། དེ་བཞིན་ཁོང་ཁྲོའང་ཉུང་དུ་འགྲོ་ཡི་རེད། དུས་རྟག་ཏུ་སེམས་ལ་བརྟག་དཔྱད་བྱས་ཏེ་དམན་ས་བཟུང་ན་ང་ཅིག་ཡིན་བསམ་པའི་ང་རྒྱལ་དང་སྤོབས་པའི་ཐོག་ནས་གཞན་སྡེ་ཁྱད་དུ་གསོད་པ་མི་ཡོང་བ་ཞིག་རེད།ཅེས་སོགས་གསུངས།
ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༥ ནས་ ༦ ཉིན་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྔགས་བགྲང་ན་ཕྲན་བུ་ཕན་ཐོགས་ཀྱི་ཡོད་ཀྱང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ན་ཁ་ཡོད་ལག་ཡོད་ཐོག་ཚེ་སྒྲུབ་ཀྱི་མཆོག་དེ་རེད་ཅེས་དང་། བསླབ་པ་གསུམ་དང་སྡེ་སྣོད་གསུམ་གྱི་ཉམས་ལེན་ཡག་པོ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བདག་ཉིད་ཀྱི་ཆོས་དེ་ལག་ལེན་གྱི་ཐོག་ནས་སོ་སོའི་རང་རྒྱུད་ལ་སྐྱེ་ཐུབ་ཚེ་དེ་ནི་རྒྱལ་བ་དགྱེས་བའི་སྒྲུབ་པའི་མཆོད་པ་ཡིན་ཞེས་གསུངས།
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར།གདན་ས་གསུམ་དང་བཞུགས་སྒར་ཉེ་འཁྲིས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་དང་ཐའེ་ཝན་རྒྱ་རིགས་དད་ལྡན་དོན་གཉེར་བ་དང་ཡུལ་སྐོར་བ། བཞུགས་སྒར་ཁུལ་གྱི་བོད་མི་བཅས་ལ་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་རྒྱ་བོད་ཧོར་གསུམ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཆགས་ཀྱི་ཡོད་དུས། ཆུང་དུས་ནས་མ་ཎི་བགྲང་བའི་གོམས་གཤིས་ཡོད། ལྷག་པར་དུ་དེང་སང་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་དུ་ཡིན་ཡང་། འཛམ་གླིང་ཞི་བདེ་གླེང་གི་ཡོད། ཞི་བདེ་ངོ་མ་དེ་གཞན་སུ་གཅིག་ལའང་གནོད་སྐྱེལ་བའི་བསམ་བློ་མེད་པར་སེམས་ནང་བརྩེ་བ་དང་ཕན་བདེ་བསྒྲུབ་པའི་བློ་བསྐྱེད་རྒྱུ་ནི་འཛམ་གླིང་ཞི་བདེ་ཡོང་གཞི་དངོས་གནས་ཡིན། ཞེས་སོགས་བཀའ་སློབ་བསྩལ།
ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༣ ཉིན་གསར་འགོད་པ་བྱམས་པ་ཚེ་རིང་གིས་ཕྱོགས་སྒྲིག་བྱས་ཏེ་སྤེལ།