ཨ་འབྲུག་དཀོན་མཆོག
མི་ཞིག་ཚེ་ལས་འདས་པའི་རྗེས་སུ་དེའི་ཡོན་ཏན་བརྗོད་ཅིང་རྗེས་དྲན་བྱེད་པ་ནི། གསོན་དུས་སུ་ཕྲག་དོག་གིས་གང་དེའི་ཡོན་ཏན་མཐོང་བརྗོད་མི་ཐུབ་པའི་རང་རྟགས་ཡིན་ཚུལ་གྱི་འགྲེལ་བརྗོད་བྱེད་མཁན་འགའ་མཐོང་མོད། ལྟ་ཕྱོགས་དང་རྒྱུ་མཚན་དེ་ཚོ་སྒོ་ཀུན་ནས་ཚད་ལྡན་དུ་མ་མཐོང་སྟེ།བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་རྟོགས་བརྗོད་དང་། རྣམ་ཐར། བསྟོད་པ་སོགས་ནི་ཆེས་རྣམ་གྲངས་མང་ལ། ལོ་རྒྱུས་རིང་བ། གཞི་རྒྱ་ཆེ་བའི་རྩོམ་གྱི་ཕུང་པོ་ཞིག་ཡིན་པ་དང་། སྐྱེས་བུ་གང་ཞིག་གི་རྣམ་ཐར་དང་། རྟོགས་བརྗོད། བསྟོད་པ་སོགས་ལས་ཆེས་མང་བ་ཞིག་ནི། དམ་པ་གང་ཞིག་སྐུ་འདས་པའི་རྗེས་དང་། ལྷག་པར་སྐུ་འདས་ནས་ཅང་མ་འགོར་བའི་བར་སྐབས་དེར་བྱུང་བ་ཤུགས་ཆེ་བས། འདས་སོང་གི་སྐྱེས་བུ་གང་དེའི་ཡོན་ཏན་དག་སྐབས་ཐོག་དེར་བརྗོད་པ་ནི་བོད་ཀྱི་རིག་གཞུང་གི་རང་བཞིན་ལ་གནས་པའི་དྲིན་གཟོ་དང་རྗེས་དྲན་ཁྱད་པར་ཞིག་རེད།
ལྷག་པར་དུའང་རང་གིས་མོས་གུས་བྱེད་ས་དང་། རང་དང་འབྲེལ་ཐག་ཉེ་ས། རང་སེམས་ན་བརྩེ་བ་དང་བརྩི་འཇོག་ཡོད་སའི་མི་སྣ་ཞིག་གློ་བུར་སྐུ་མ་བཞུགས་སྐབས། ཕང་སེམས་དང་། བློ་ཕམ། མྱ་ངན་གྱི་ཚོར་བ་ལུད་ཡོང་བ་འདི་འགྲོ་བ་མིའི་རང་གཤིས་ལ་ཡོད་པའི་སེམས་ཁམས་ཀྱི་ངང་ཚུལ་ཞིག་ཡིན་པ་དང་། སེམས་གཤིས་དེའི་ཀློང་ནས་འདས་པོ་དེ་དང་འབྲེལ་བའི་དྲན་འཆར་མང་པོ་ཞིག་སེམས་ཀྱི་ཟུར་ངོས་སོ་སོ་ནས་གཅིག་རྗེས་གཉིས་མཐུད་དུ་འཆར་ཡོང་བས་ན། འདས་པོ་གང་དེའི་སྐོར་ལ་དྲན་པ་ཆེས་གསལ་ཞིབ་ཀྱི་དུས་སྐབས་ནི་གང་ཉིད་འདས་པའི་རྗེས་ཐོག་ནས་ཅང་མ་འགོར་བའི་དུས་ཚོད་དེ་ག་ཡིན་འདུག མི་ཞིག་གི་མི་ཚེའི་ལོ་རྒྱུས་ཀྱི་ཆེས་མཐའ་མར་བསླེབས་པའི་སྐབས་སུ་ང་ཚོར་མི་དེའི་འདས་སོང་གི་དྲན་པ་ལས་ལྷག་པའི་དྲན་རྒྱུ་དང་གླེང་རྒྱུ་གཞན་གང་ཞིག་ཡོད་ཨང་།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན། རིག་པའི་གནས་སྤྱི་དང་བྱེ་བྲག་ལ་མཁྱེན་རྒྱ་ཡངས་པ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་སློབ་སྦྱོང་དང་། སློབ་ཁྲིད་ཀྱི་མྱོང་རྒྱུས་ཟབ་ལ། ལོ་རྒྱུས་དང་ལོ་རྒྱུས་མི་སྣར་རང་ངོས་ནས་ལྟ་ཚུལ་དམིགས་བསལ་ཡོད་པའི་རྣམ་པར་དཔྱོད་པའི་བློ་མིག་ཅན། བོད་དང་། རྒྱ་གར། རྒྱལ་སྤྱིའི་གནས་ཚུལ་སྣ་མང་ལ་མཁྱེན་རྒྱ་ཡངས་ཤིང་། གནད་དོན་ཆུང་ཚགས་ལའང་རྒྱབ་ལྗོངས་བཅས་ཏེ་བཤད་དུ་ཡོད་པའི་གཏམ་གྱི་དགེ་ཐོན་པའི་རང་བཞིན་གྱིས་གྲུབ་པའི་སྤོབས་པ་ཅན། མཐོ་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གསོའི་ལས་དོན་ལ་མཐོངས་ཡངས་ས་ནས་ལྟ་ཞིང་། རྒྱ་ཆེ་ས་ནས་དགོངས་ཐུབ་པའི་བློ་གྲོས་ཡངས་པའི་ཤེས་ཡོན་ཅན། སློབ་ཁྲིད་དང་འཆད་རྩལ་ལེགས་ཤིང་སྤྱི་སྙོམས་དང་བཟོད་སྒོམ་ཆེ་བའི་མཐོ་རིམ་སློབ་གླིང་གི་སློབ་དཔོན་ཚད་ལྡན། མང་གཙོ་དང་སྐྱེས་བུ་སྒེར་གྱི་རང་དབང་ལ་ངེས་རྟོགས་མཐོ་བ་རང་གི་གཏམ་སྤྱོད་ཀུན་ནས་མངོན་པའི་རྟོགས་སད་པ། གནད་འགག་དང་གྲོས་གླེང་གང་གི་སྐབས་སུའང་རྒྱུ་མཚན་དང་དུ་ལེན་ཞིང་བདེན་པ་གོང་དུ་བཀུར་ཐུབ་པའི་སྐྱེས་བུ་རང་ཚུགས་ཅན། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་ཆབ་སྲིད་རླུང་འཚུབ་ཀྱི་དབང་དུ་མི་འགྲོ་བར་ཀུན་ལ་དཔྱོད་མིག་གིས་ལྟ་ཐུབ་པའི་སྤྱི་མི་ལེགས་པོ། འཚོ་བ་ངན་ངོན་ཙམ་ལ་ཆོག་ཤེས་ཆེ་ཞིང་ངོ་སྲུང་དང་མཛེས་ཟོལ་མེད་པའི་རྣལ་འབྱོར་བའི་གཤིས་ཀ་འཚོ་བར་འཇགས་པའི་འཚོ་སྟངས་དམིགས་བསལ་ཅན། མི་ལོ་ཉི་ཤུ་མ་ཟིན་ཙམ་གྱི་རིང་ངོ་ཤེས་འགྲོས་བཟང་ནས་ལས་གྲོགས་ཚད་ལྡན་དུ་གྱུར་བའི་གྲོགས་པོ་དམ་པ། ཨཱ་ཅརྱ་རྩ་རག་བཀྲ་བཟང་ལགས་གློ་བུར་སྐུ་འདས་པའི་ཕང་སེམས་དང་མྱ་ངན་ཀློོང་ནས་ཁོང་འབྲེལ་གྱི་དྲན་པ་སྐོར་ཞིག་འབྲི་འདོད་ཀྱི་འདུན་པ་དེ་ཉིད་ལས་བྲེལ་དང་ལེ་ལོ་གང་གིས་ཀྱང་འགོག་ཐུབ་མ་སོང་། །
སློབ་དཔོན་བཀྲ་བཟང་ལགས་ནི་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་ཤིང་། ལོ་རབས་བརྒྱད་ཅུའི་ནང་བོད་ནས་གཞི་རིམ་སློབ་གྲྭ་འགྲིམས། ཆུང་དུས་ཀྱི་དྲན་པ་གླེང་མོལ་བྱེད་སྐབས། ཞིང་ལྗོངས་ལྔའི་སློབ་ཆུང་ཀློག་དེབ་ནང་གི་སྒྲུང་དང་། སྙན་ཚིག་མང་པོ་ཞིག་ད་དུང་ཡང་ངག་ཐོག་ནས་ཤར་མར་སྐྱོར། ཁོང་གིས་ཚིགས་བཅད་གཅིག་བསྐྱོར་རྗེས། ཕྲན་གྱིས་ཚིགས་བཅད་གཅིག་བསྐྱོར། དེ་ནས་ངེད་གཉིས་མཉམ་དུ་བགད། འདི་ནི་ངེད་གཉིས་གཅིག་མཚུངས་སུ་ཡོད་པའི་མྱོང་བ་ཞིག་དང་། ཁོང་གི་ཆུང་དུས་ཀྱི་སློབ་གསོའི་དྲན་པ་ཞིག་ཀྱང་ཡིན། ཁོང་ཉིད་ལྷ་ས་གྲོང་ཁྱེར་ར་མོ་ཆེའི་འཁྲིས་ཀྱི་བོད་ཡིག་གཙོ་བོ་ཡིན་པའི་གཞི་རིམ་སློབ་ཆུང་ནས་མཐར་ཕྱིན། དམའ་འབྲིང་ལོ་རིམ་དང་པོའི་སྐབས་ཙམ་ལ་སློབ་མཚམས་བཞག་ནས་རྒྱ་གར་དུ་ཡོང་འདུག
ཆུང་དུས་ཀྱི་འཚོ་བ་གླེང་སྐབས་ངེད་གཉིས་ལ་མཐུན་ས་གཞན་ཞིག་ཡོད། དེ་ནི་ཁོ་རང་རྨོ་མོ་ལགས་ཀྱི་གཅེས་སྐྱོང་འོག་འཚར་བ་དང་། ཕྲན་ཡང་རང་གི་ཨ་ཡེ་ལགས་ཀྱི་གཅེས་སྐྱོང་འོག་འཚར་བའི་དྲན་པ་དག་ཡིན། ཁོང་ཉིད་འཚར་ས་རྒྱལ་ས་ལྷ་ས་ཡིན་པས། རྨོ་མོ་ལགས་ཀྱིས་ཁྲིད་ནས་ཇོ་བོར་མཇལ་བ་དང་། བར་སྐོར་དུ་བསྐོར་བར་བསྐྱོད་པ། ལྷ་སའི་ངན་སློང་ལ་སྦྱིན་གཏོང་བྱས་པ། བླ་གྲྭ་རྒན་གྲས་ཀྱི་མདུན་ལ་བྱབ་ཁྲུས་ཆེད་ཁྲིད་པ་སོགས་ཡིན། ང་ནི་འབྲོག་པའི་སྦྲ་ནང་ནས་ཨ་ཡེའི་གནའ་གཏམ་ལ་ཉན་ནས་འཚར་བ་ལས་ཁོང་ལྟ་བུའི་རིག་གཞུང་གི་འཁོར་ཡུག་ཆེན་པོ་མེད། ངེད་གཉིས་བར་ལ་ད་དུང་མཐུན་ཆ་གཞན་ཞིག་ཡོད། དེ་ནི་བྱིས་པའི་དུས་སུ་འགྱིག་མདའ་ཡིས་རྩེད་མོ་རྩེ་བ་དང་། སྐབས་རེ་བྱེའུ་རེ་འགྱིག་མདས་གསོད་མྱོང་བ་དེ་ཡིན། ཉམས་མྱོང་དེ་ཚོ་བཤད་དུས་ངེད་གཉིས་ཀ་གད་མོ་འཆོར་གྱི་ཡོད། ཁོང་གད་མོ་ཤོར་དུས་ངོ་གདོང་ལ་འཛུམ་རིས་མངོན་ཞིང་། སྟོད་ཤ་ལྷུག་ལྷུག་བྱེད་པ་ལས་བཞད་སྒྲ་ཆེར་མི་འབྱིན། རྣམ་འགྱུར་དེ་ངའི་མིག་ལམ་ན་ད་དུང་ཡང་གསོན་པོར་འགུལ་གྱིན་འདུག
ཕྱི་ལོ་ ༡༩༩༤ ལོར་ཁོང་རྡ་སར་འབྱོར། ངེད་གཉིས་ཀའི་སྐྱབས་བཅོལ་དུ་ཐོག་མར་འབྱོར་བའི་སྣེ་ལེན་ཁང་གི་མྱོང་བ་མང་ཆེ་བ་གཅིག་རུང་། ཕྲན་ལམ་བར་ནས་ལྟོགས་སྐོམ་མྱང་བས་སྣེ་ལེན་ཁང་གི་རྩམ་པ་ཞིམ་པོ་བྱུང་ཡང་། ཁོང་ལ་ཞིམ་པོ་བྱུང་མི་འདུག རྡ་སར་འབྱོར་མཚམས་ཁོང་ཚོ་གཙུག་ལག་ཁང་དུ་ཆོས་མཇལ་ལ་སོང་། སྐབས་དེར་ཚོགས་འཚོགས་ཀྱིན་ཡོད་པ་དང་། གསར་འབྱོར་བྱིས་པ་ཚོ་ཚོགས་གྲལ་དུ་བསྡད་ནས་བོད་ཇ་དང་པག་ལེབ་མངར་མོ་ཟོས་རབས་བཤད། གཙུག་ལག་ཁང་གི་བག་ལེབ་དང་བོད་ཇའི་བྲོ་བ་ཞིམ་པོ་དེ་ངེད་གཉིས་ཀྱི་མྱོང་བ་གཅིག་མཚུངས་ཀྱི་རིགས་ཤིག་ཡིན། ད་དུང་སྤོ་བོ་སྨྱོན་པ་དྭངས་བླངས་དགེ་བསྐོས་སུ་གྲགས་པ་ཞིག་ཡོད་པ་དེ་མཐོང་འདུག སྤོ་ལགས་དེ་ངས་ཀྱང་ཤེས་ཀྱི་ཡོད། སྤོ་པོ་དེའི་རྣམ་པ་དང་གཏམ་སྤྱོད་དག་ཕན་ཚུན་ལ་བཤད་དུས་ངེད་གཉིས་གད་མོ་ཤོར་གྱི་ཡོད། འདི་ལྟར་ཕ་ཡུལ་དང་ཁ་བྲལ་བའི་བྱིས་པ་ཚོ་སྐྱོ་སྣང་དང་མཚར་སྣང་སྣ་ཚོགས་ཀྱི་འོག་ནས་སྐྱབས་བཅོལ་བའི་འཚོ་བ་རོལ་མགོ་ཚུགས་ཡོད།
བཙན་བྱོལ་ནང་ཁོང་ཐོག་མར་རྡ་སྟེང་བོད་ཁྱིམ་དང་། དེ་ནས་ཀུ་ལུ་མ་ན་ལིའི་ཕྱོགས་སུ་ཡོད་པའི་པ་ཏི་ཀུལ་ཞེས་པའི་བོད་ཁྱིམ་སློབ་གྲྭ་དེར་བསྐྱལ་འདུག སློབ་གྲྭ་དེ་དེང་ཐོག་ལེགས་པོ་ཡོད་པ་དང་། ས་གཤིས་དང་གནམ་གཤིས་བོད་དང་འདྲ་བས་ཁོང་ཉིད་སྐྱིད་པོ་བྱུང་འདུག ལྷག་པར་དབྱར་དུས་རྒྱུགས་ཆུར་ཆུ་རྐྱལ་དང་། དགུན་དུས་ཆུ་ཚན་དུ་འགྲོ་རྒྱུ་གཉིས་སྐྱིད་ཤོས་སུ་བཤད། ང་ཡང་ཕྱོགས་དེའི་ཆུ་ཚན་ལ་ཐེངས་འགར་སོང་མྱོང་བས། ངེད་གཉིས་ལ་ཐུན་མོང་གི་ཁ་བརྡ་མང་པོ་ཡོད། འོན་ཀྱང་སློབ་གྲྭའི་ནང་གི་འཚོ་བ་དང་། སློབ་དགེ་འགས་སློབ་ཁྲིད་བྱེད་ཕྱོགས་ཀྱི་ཐད་ཡ་ང་བའི་གནས་ཚུལ་སྣ་མང་གསུང་རྒྱུ་ཡོད། འཛིན་རིམ་བརྒྱད་པའི་སྐབས་སུ་དེ་སྔ་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་གནང་མྱོང་བའི་རྒན་ངག་དབང་འོད་འབར་གྱིས་བོད་ཡིག་སློབ་ཁྲིད་གནང་བ་དང་། ཁོང་གིས་བྱེད་སྒོ་སྣ་ཚོགས་འོག་ནས་སློབ་མའི་སེམས་ཤུགས་སྤར་བ་སོགས་ཀྱི་བག་ཆགས་དང་དྲན་པ་སྣ་ཚོགས་གླེང་། རྒན་དེ་རྡ་ས་ནས་ཆབ་སྲིད་ལས་འགུལ་པ་ཞིག་ཡིན་པ་ཤེས་ཀྱང་། དགེ་རྒན་བཟང་པོ་ཞིག་ཡིན་པ་ཁོང་ནས་ཤེས་བྱུང་། དེ་ནས་ཕྲན་ཡང་ངག་དབང་འོད་འབར་ལ་སེམས་ནང་གུས་ཞབས་ཡོད་པ་ལྟ་བུར་གྱུར་སོང་། །
པ་ཏི་ཀུལ་སློབ་གྲྭར་ཁོང་དང་མཉམ་དུ་བོད་ནས་གསར་དུ་འབྱོར་པའི་བྱིས་པ་གྲངས་བཞི་བཅུ་ཞེ་གཅིག་སློབ་འཇུག་བྱས། ཁོང་ཚོས་ཐོག་མར་དབྱིན་ཧིན་གྱི་སྐད་གང་ཡང་མི་ཤེས་སྟབས། ཁོང་ཚོ་ཞེ་གཅིག་དེ་དམིགས་བསལ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་སྡེ་ཁག་ཅིག་ཏུ་གྱུར་སྐད། འདས་པོ་དམ་པ་ཁོང་གིས་སྐབས་དེར་བོད་ཡིག་དཔེ་ཀློག་ལ་བརྩོན་པ་བྱས། ཆུ་ངོགས་གཏམ་རྒྱུད་ཀྱིས་མཚོན་པའི་བསྒྱུར་རྩོམ་དང་། ཕལ་བའི་ཁྱིམ་ཚང་གིས་མཚོན་པའི་སྒྲུང་གཏམ་སོགས་གསར་རྩོམ་སྐོར་མང་དུ་བཀླགས། ཁོང་གི་ཁྱད་ཆོས་ཤིག་ནི་དཔེ་ཆ་མང་པོ་ཀློག་པ་དང་། རང་ཉིད་དགའ་མོས་བྱེད་སའི་དཔེ་དེབ་ཅིག་ཚར་མང་པོར་ཀློག་པ་དེ་ཡིན་ཞེས་ཁོང་གི་གྲོགས་པོ་ཚོས་གླེང་། ད་དུང་ཁོང་གིས་བཀླགས་པའི་བརྩམས་སྒྲུང་དག་ན་མཉམ་བྱིས་པའི་ཚོགས་ལ་གསོན་ཉམས་ལྡན་པའི་འཆད་ཐུབ་པའི་ཁོང་གི་ལྷན་སྐྱེས་ཀྱི་རིག་རྩལ་དེས། སློབ་གྲྭའི་སློབ་མ་མང་པོ་ཞིག་ལ་ཡིད་འགུག་གི་ནུས་པ་ཆེན་པོ་ཐོན་པས། ཁོང་ནམ་རྒྱུན་བྱིས་པ་མང་པོ་ཞིག་ཞིག་བསྐོར་ནས་འདུག་པར་གླེང་། སློབ་གྲྭ་དེར་ཁོང་གིས་<<དྭངས་མ་>>ཞེས་པའི་བོད་ཡིག་དུས་དེབ་དེའི་རྩོམ་སྒྲིག་པ་གནང་མྱོང་ཞིང་། བོད་སྐད་བགྲོ་གླེང་གི་ལས་རིམ་ལ་སྣེ་ཁྲིད་བྱས། ཁོང་ཉིད་བགྲོ་གླེང་བ་མཆོག་གྱུར་ཞིག་ཡིན་པ་མ་ཟད། བགྲོ་གླེང་གི་བརྗོད་བྱ་དང་བྱེད་སྒོ་བཅས་ཀྱི་གསོན་ཉམས་ལྡན་པའི་སྣེ་ཁྲིད་པ་ལྟ་བུ་ཞིག་ཏུ་གྱུར་བ་སྟེ། ཕྱི་ལོ ༡༩༩༩ བོད་ཁྱིམ་ནང་ཁུལ་གྱི་སློབ་མའི་གཏམ་བཤད་འགྲན་བསྡུར་སུ་ཇཱ་སློབ་གྲྭར་འཚོགས་སྐབས་ཁོང་ཉིད་པ་ཏི་ཀུལ་སློབ་གྲྭའི་འཐུས་ཚབ་ཀྱི་ངོས་ནས་མཉམ་ཞུགས་གནང་འདུག དེ་བཞིན་དུ་སློབ་གྲྭ་དེའི་སྤྱི་ཁྱབ་རྒན་བདག་གནང་ནས་སློབ་གཉེར་པའི་བདེ་སྡུག་ལ་ལྟ་རྟོག་དང་། བྱེད་སྒོ་ཁག་གི་མ་དངུལ་བསྡུ་རུབ་དང་། ལས་འཆར་རྩོམ་སྤེལ་གྱི་གཙོ་འགན་ཡང་ཁུར་འདུག
འཛིན་རིམ་དགུ་པར་རྡ་ཤོད་བོད་ཁྱིམ་དུ་སློབ་ཞུགས་གནང་ནས་ཅང་མ་འགོར་བ་ཚུད་རྒྱུགས་ཀྱི་ལམ་ནས་ཝ་ཎ་གཙུག་ལག་སློབ་གཉེར་ཁང་དུ་ཞུགས། སློབ་གཉེར་ཁང་དེར་ཁོང་བཀའ་རྒྱུད་པའི་ཆོས་བརྒྱུད་ཁོངས་སུ་ཞུགས། ཁྱིམ་རྒྱུད་དགེ་ལུགས་ཡིན་ཡང་། ཁོང་ཚོ་གྲོགས་པོ་བཞིས་ནང་ཁུལ་འགྲན་བསྡུར་མི་ཡོང་བའི་ཆེད་དུ་ཆོས་རྒྱུད་མི་འདྲ་བའི་བཞིའི་ཁོངས་སུ་འཛུལ་ཞུགས་བྱ་བའི་གྲོས་བསྡུར་གྱི་བརྒྱུད་རིམ་ནས་ཁོང་ཉིད་བཀའ་བརྒྱུད་པའི་ཁོངས་སུ་ཞུགས། ཝཪ་ཎ་མཐོ་སློབ་ནས་ཁོང་ལ་བག་ཆགས་ཟབ་པའི་དགེ་རྒན་ནི་རིག་གནས་སློབ་དཔོན་འགོས་པདྨ་རྒྱལ་མཚན་དང་། ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་གཉིས་ཡིན་པ་གཏམ་གྱི་ཟུར་མང་པོ་ནས་མཐོང་། བོད་ཀྱི་རིག་གནས་ཀྱི་ཟུར་ནས་དབྱིན་ཡིག་དང་ལེགས་སྦྱར་སྦྱངས་པ་དང་། ལེགས་སྦྱར་རྒྱུགས་སྤྲོད་བྱེད་ཚུལ་སོགས་ལ་གཏམ་རྒྱུད་དགོད་བྲོ་བོ་མང་དུ་བཤད་རྒྱུ་ཡོད། མཐོ་སློབ་ནས་ཁོང་གིས་གཏན་ཁེལ་བྱས་པའི་སྦྱང་ཚན་ལས་ཀྱང་རང་གི་འདོད་མོས་ཡོད་པའི་རིག་ཚན་དང། རྒྱལ་རབས་ལོ་རྒྱུས། རྒྱལ་སྤྱི་དང་རྒྱ་གར་གྱི་གནས་ཚུལ་སོགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་རེད་ཅེས་ཁོང་གི་གྲོགས་པོ་ཚོས་གླེང་། མ་གཞི་ཁོང་ནི་སྒྲིག་འཛུགས་དང་གཏན་སྲོལ་ལས་རང་གི་དགའ་མོས་ལྟར་འགྲོ་ཞིང་། དེར་རྒྱུན་འཁྱོངས་གནང་མཁན་གྱི་སྐྱེས་བུ་རང་གཤིས་མངོན་གསལ་དང་རང་ཚུགས་བརྟན་པོ་ཅན་ཞིག་ཡིན།
ཝར་ཎ་མཐོ་སློབ་ཏུ་སློབ་གཉེར་བྱེད་པའི་རིང་། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་རིམ་ཟིན་བྲིས་པར་ཐེངས་མང་པོར་ཕེབས། དྲན་རིག་ཤིན་ཏུ་གསལ་བའི་ན་གཞོན་ཁོང་གིས་སྐབས་དེའི་གྲོས་ཚོགས་ཀྱི་བགྲོ་གླེང་སྤྱི་ཡོངས་ཀྱི་གནས་སྟངས་དང་། ཁྱད་པར་སྤྱི་འཐུས་བྱེ་བྲག་པའི་གསུང་བཤད་གནང་ལུགས་བཅས་ཀྱི་གནས་ཚུལ་མང་པོ་ཕྱིར་དྲན་གྱི་ཚུལ་དུ་གླེང་གི་ཡོད། མདོ་སྨད་སྤྱི་འཐུས་འདས་པོ་བསྟན་འཛིན་མགོན་པོ་ལགས་ཀྱི་སྐད་ཆ་ཞིག་སྟེ། ཁོང་ཚོའི་ཕ་ཡུལ་ནས་སྒོ་ཕྱུགས་ཤ་ཡི་ཆེད་གསོད་པ་ལ་སྲོག་གཅོད་པ་མི་ཟེར། སྐམ་བཤའ་རན་དུས་ཕ་རྒན་གྱིས་ད་མ་ཎི་ཞིག་འདོན་དགོས་ས་རེད་ཟེར་སྲོལ་ཡོད་ཅེས་བཤད་པར་མཚར་སྣང་ཆེན་པོ་བྱུང་ཚུལ་སྐབས་མང་པོར་བཤད་ནས་ཁོང་ཉིད་དགོད་ཀྱིན་ཡོད།
མཐོ་སློབ་ནས་ཁོང་གིས་དབྱིན་ཡིག་དཔེ་ཀློག་ཤུགས་ཆེན་བྱ་སྲོལ་ཆགས་འདུག དགོང་མོའི་རང་སྦྱོང་གྲོལ་མཚམས། སྡོད་ཁང་འོག་གི་ཚགས་པར་འཇོག་སྟེགས་སུ་སོང་ནས། མཚན་མོའི་ཆུ་ཚོད་བཅུ་གཅིག་ཡས་མས་བར་རྒྱ་གར་གྱི་དུས་བབ་སོགས་གསར་ཤོག་རིགས་མི་འདྲ་བ་གསུམ་བཞི་ཞིག་རྟག་པར་ཀློག། འདི་ནི་ཁོང་གི་འཆར་ཅན་གྱི་བྱེད་སྒོ་ཞིག་ཏུ་གྱུར་བ་དང་། ཕྱིས་སུ་གསར་ཤོག་སྒེར་གྱིས་མངགས་ཉོ་བྱས་ནས་སློབ་གྲྭ་མ་ཐོན་པར་གསར་ཤོག་རྒྱུན་ཀློག་གི་གོམས་གཤིས་ཆེས་ཆེ་བའི་སློབ་གཉེར་པ་ཞིག་ཏུ་གྱུར། གོམས་གཤིས་འདིས་ཁོང་ཉིད་རྒྱལ་སྤྱི་དང་། སྒོས་སུ་རྒྱ་གར་གྱི་གནས་ཚུལ་ཡོངས་ལ་མཁྱེན་རྒྱ་ཟབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་བ་འདྲ། ད་དུང་དཔེ་མཛོད་ནས་དཔེ་ཆ་རིམ་གཡར་བྱས་ཏེ་དུས་རྒྱུན་ལག་ཁུག་ཏུ་དཔེ་དེབ་ཅིག་ཁུར་ནས་དབྱིན་ཇིའི་སྒྲུང་གཏམ་གྲགས་ཅན་མང་པོ་ཀློག་གིན་ཡོད་ཅེས་བཤད། སྒྲུང་གཏམ་དཔེ་ཀློག་ཙམ་མ་ཡིན་པར། སྒྲུང་གཏམ་གྱི་ཁྱད་ཆོས་སྐོར་ལ་དམིགས་བསལ་དོ་སྣང་གནང་ཡོད་པ་འདྲ་སྟེ། ཁོང་གིས་སྒྲུང་གཏམ་གསར་རྩོམ་སྐོར་ནས་རྩོམ་ཡིག་ཅིག་ཀྱང་བྲིས་འདུག
ཕྱི་ལོ་ ༢༠༠༦ ལོར་སཱ་ར་མཐོ་སློབ་གཞོན་ནུའི་རུ་ཁག་གིས་གོ་སྒྲིག་འོག སྐབས་དང་པོའི་བོད་ཀྱི་མཐོ་རིམ་སློབ་མའི་རིག་གནས་བགློ་གླེང་འཚོགས། འདས་པོ་ཁོང་དང་ངེད་གཉིས་ཆེས་ཐོག་མར་ངོ་ཤེས་དངོས་འཕྲད་འབྱུང་སའང་ཚོགས་འདུ་དེ་ཡིན། ཚོགས་འདུ་དེར་ཝ་ར་ཎ་སི་ནས། འདས་པོ་དམ་པ་ཁོང་དང་། བདེ་ཆེན་རྡོ་རྗེ། སྒང་ནེ་ཡེ་ཤེས་འཇིགས་མེད། ཚེ་རིང་བསམ་འགྲུབ་ཅེས་པའི་སློབ་གཉེར་པ་བཞི་ཕེབས་འདུག ཁོང་ཚོའི་ཁྲོད་ན་ཕོ་ཉམས་དོད་ལ། སྐད་གདངས་སྦོམ་པ། སྐྲ་རིང་ཞིང་ཁ་སྤུ་ཐར་ཐོར་ཅན། བོད་ལུགས་སྟོད་གོས་ཁམས་སྨུག་གྱོན་པ། རྒྱུན་གཏན་སྐད་ཆ་མང་པོ་མི་བཤད་ཅིང་། དྲི་བ་དང་བསམ་འཆར་གནད་འགག་ཅན་འདོན་མཁན་ཞིག་འདུག་པ་དེ་ནི་བཀྲ་བཟང་ལགས་རེད། ཚོགས་འདུའི་བར་གསེང་ཀུན་ཏུ་ང་ཚོས་གླེང་མོལ་སྣ་ཚོགས་བྱས། ལོ་ན་ཆུང་བའི་ངར་ཤུགས་ཆེན་པོ་ཡོད་པའི་སྐབས་སུ། བཙན་བྱོལ་ནང་གི་མཐོ་རིམ་སློབ་མའི་རིག་གཞུང་བགྲོ་གླེང་འདུ་འཛོམས་ཐོག་མ་དེས། ང་ཚོར་སྤོབས་པ་དང་སྤྲོ་སྣང་སྦྱིན་ཞིང། མི་ཚེའི་ནང་གི་གྲོགས་པོ་བཟང་པོ་སྐོར་ཞིག་དང་ཡང་ཕྲད་པར་གྱུར།
ཝར་ཎར་བསྡད་པའི་རིང་ཁོང་གིས་རྒྱུན་གཏན་སློབ་སྦྱོང་ཕུད། ལྟོ་ཚང་ལྟ་རྟོག་ཚོགས་ཆུང་གི་དྲུང་ཆེ་དང་། ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་དང་འབྲེལ་ཏེ་གྲོང་ཁྱེར་ཝ་ར་ཎ་སའི་ཁྱོན་ཡོངས་དང་། ལཀ་ནོ་གཉིས་གཙོས་པའི་ས་ཁུལ་དག་ཏུ་ཝ་ཎའི་སློབ་གཉེར་པ་ཚོས་ཞི་རྒོལ་རྔམ་སྟོན་དང་། བོད་གནས་དྲིལ་བསྒྲགས་ཀྱི་ལས་འགུལ་ཆེན་པོ་སྤེལ་སྐབས་སུ་གོ་སྒྲིག་པ་གཙོ་གྲས་ཀྱི་འགན་བླངས། ཝར་ཎ་མཐོ་སློབ་ཏུ་འདས་པོ་དམ་པ་ཁོང་གིས་རྩོམ་སྒྲིག་པ་དང་། བདེ་ཆེན་རྡོ་རྗེ། སྒང་ནེ་ཡེ་ཤེས་འཇིགས་མེད་གཉིས་ཀྱི་རྩོམ་སྒྲིག་ལས་རོགས། གཞོན་ནུ་དོན་གྲུབ་ཀྱིས་ཇུས་འགོད། སྤེན་པས་ཡིག་འཇུག་པ་བཅས་ཀྱི་འགན་བླངས་ནས་<<ཝར་ཎའི་རིག་རླབས་>>ཞེས་པའི་དུས་དེབ་ཅིག་འདོན་སྤེལ་དང་། འདས་པོ་དམ་པ་ཁོང་རང་ངོས་ནས་ཀྱང་རྩོམ་སྒྲིག་པའི་གཏམ་སོགས་ཆེད་རྩོམ་སྐོར་ཞིག་སྤེལ། དེ་རྗེས་རིག་རླབས་རྩོམ་རིག་ཟབ་སྦྱོང་ཞེས་སློབ་གཉེར་པ་རང་ངོས་ནས་འགན་ལེན་དྭངས་བླངས་ཀྱིས་བསྒྲུབ་པའི་རིག་གཞུང་གི་བྱ་འགུལ་ཞིག་གསར་སྤེལ་བྱས། བྱ་འགུལ་དེར་བཙན་བྱོལ་ནང་གི་རིགས་མི་འདྲ་བའི་ཆེད་མཁས་པ་མང་པོ་གདན་འདྲེན་དང་། དེ་འབྲེལ་གྱི་ཆེད་དེབ་འདོན་སྤེལ་སོགས་ཀྱི་ལས་རྒྱུན་ད་དུང་ཡང་རྒྱུན་སྐྱོང་མུས་སུ་གནས། ཝར་ཎའི་སློབ་གཉེར་པ་ཚོས་རིག་རླབས་རྩོམ་རིག་ཟབ་སྦྱོང་དབུ་འཛུགས་གནང་མཁན་ཁོང་ཅག་གི་བཀའ་དྲིན་ལ་ད་ལྟའང་ཡི་རངས་བསྔགས་བརྗོད་བྱེད་ཀྱིན་པ་ཕྲན་གྱིས་དངོས་སུ་མཐོང་ཐོས་བྱུང་།
ཕྱི་ལོ ༢༠༠༧ ལོའི་ལོ་མཇུག་ཏུ་ཕྲན་རང་རིག་གནས་རབ་འབྱམས་པའི་སློབ་གནས་ཐོན། དགེ་རྒན་གྱི་སྦྱོང་བརྡར་ཡང་གང་འཚམས་ཐོབ་པས། ཕྱིར་བོད་དུ་ལོག་པའི་གྲ་སྒྲིག་བྱས། ཕྱིར་མ་བསྐྱོད་སྔོན་ལ་རྡོར་གདན་དུ་གནས་མཇལ་དང་། དེ་ནས་ཝ་ར་ཎ་སིིར་སོང་ནས་ཝར་ཎ་མཐོ་སློབ་ཀྱི་དཔེ་མཛོད་དུ་དཔེ་ཀློག་བྱས་ནས་ཟླ་ཤས་རིང་འདུག་འཆར་བྱས། ཝར་ཎ་རུ་ཕྲན་ལ་ངོ་ཤེས་ཀྱང་རིག་གནས་བགྲོ་གླེང་ཐོག་ངོ་ཤེས་བྱུང་བའི་ཁོང་ཅག་ལས་གཞན་མེད། ཁོང་ཚོས་ཕྲན་ལ་སྡོད་གནས་འཚོལ་རོགས་དང་། སློབ་གྲྭའི་སྤྱི་ཐབས་ནས་ཟ་མ་ཟ་ཆོག་པའི་མཐུན་རྐྱེན། དབྱིན་ཡིག་དགེ་རྒན་ཞིག་བཅས་གོ་སྒྲིག་གནང་། སྐབས་དེར་འདས་པོ་ཁོང་དང་ངེད་གཉིས་ལྕགས་རྟ་རྐང་གསུམ་ལ་བསྡད་ནས་མཆོད་རྟེན་མཐར་ཡང་ཡང་སོང་། ཝར་ཎའི་ཞོ་དང་འོ་ཇ་ཞིམ་པོ་འཐུང་ཞོར་ཀུན་ཏུ་ངས་ཁོང་ལ་རྒྱ་གར་ལོ་རྒྱུས་སྐོར་ནས་སྐད་ཆ་མང་པོ་དྲིས། ཁོང་གིས་རྒྱ་གར་རྒྱལ་རབས་དང་། ལྷག་པར་དུ་རྒྱ་གར་རང་བཙན་ཤོར་ཐོབ་ཀྱི་རྒྱབ་ལྗོངས། དཀྱིལ་ཤར་ཡུལ་གྲུའི་དཀའ་རྙོག་སོགས་ཀྱི་རྒྱབ་ལྗོངས་མང་པོ་ཤར་མར་བཤད། ང་ནི་ལོ་རྒྱུས་ལ་སྤྲོ་སྣང་འདྲ་ཞིག་འཕར། སྐབས་དེར་རང་ཉིད་རྒྱ་གར་དུ་ལོ་བཅུ་ཙམ་བསྡད་ཟིན་ཀྱང་རྒྱ་གར་སྐོར་ཤེས་པ་ཆེས་ཉུང་ངུ་ཞིག་ཡིན་པའི་གནོང་འགྱོད་ཅིག་ཀྱང་སྐྱེས།
དེ་རྗེས་འདས་པོ་དམ་པ་ཁོང་གིས་ཨཱ་ཅརྱའི་སློབ་གནས་ལ་སློབ་སྦྱོང་བྱེད་ཞོར་ཏུ་མཐོ་སློབ་དེ་གར་ལོ་རྒྱུས་དང་རིག་གནས་ཀྱི་དགེ་རྒན་གནང་གི་ཡོད་པ་ཁོང་གི་གྲོགས་པོ་ཚོའི་ངག་ནས་ཐོས། ཕྱི་ལོ་ ༢༠༡༠ ཙམ་ནས་ཁོང་ཉིད་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་དགེ་རྒན་དུ་ཕེབས་ཡོད་ཚུལ་གོ་བྱུང་།ཕྲན་རང་བར་སྐབས་དེར་ས་རཱ་མཐོ་སློབ་ཏུ་དགེ་རྒན་ལ་སོང་། ཕྱིས་སུ་ཁོང་གིས་ཀྱང་ཕྲན་བོད་ཏུ་ཕྱིར་ལོག་མ་ཐུབ་པ་དང་ས་རཱར་དགེ་རྒན་བྱས་ནས་བསྡད་ཡོད་པ་གོ་སོང་ཟེར། ངེད་གཉིས་ཕན་ཚུན་གྱི་གནས་སྟངས་ལ་དོ་སྣང་དང་། གོ་ཐོས་ཙམ་གྱི་འོག་ནས་བསྡད་པ་ལས། ལོ་ངོ་དྲུག་ཙམ་ལ་ངོ་འཕྲད་མ་བྱུང་། ཕྱི་ལོ་ ༢༠༡༣ ལོར་ཕྲན་རང་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་དགེ་རྒན་དུ་ཡོང་། དེ་ནས་བཟུང་མི་ལོ་བཅུ་གཅིག་ཙམ་གྱི་རིང་། མཐོ་སློབ་གཅིག་དང་། སྡེ་ཚན་གཅིག ལས་ཁུངས་ཁད་ཉེ་བོ། ཚོགས་ཆུང་དུ་མར་མཉམ་ལས། ཉིན་གུང་གི་ཟ་མ་ཟ་སའི་མདུན་ཅོག་གཅིག་ཏུ་འཚོ་བ་བསྐྱལ། ཐ་ན་ཉིན་རྒྱུན་གྱི་འབྱོར་ཐོ་འགོད་སའི་མིང་ཡིག་ཀྱང་གོང་འགབ་བྱས་ནས་ཡོང་། ཁོང་འདས་རྗེས་ཀྱི་ཉི་མ་འདི་དག་ལ་ཕྲན་གྱིས་འབྱོར་ཐོ་འགོད་སྐབས་ཁོང་གི་མཚན་གྱི་ཐད་མིང་རྟགས་འགོད་མཁན་མེད་པར་སྟོང་བར་ལུས་ཡོད་པ་དེ་ཉིན་རྒྱུན་གྱི་མཐོང་སྣང་སྐྱོ་བོ་ཞིག་ཏུ་གྱུར།
འདས་པོ་ཁོང་ནི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བོད་ཀྱི་ལོ་རྒྱུས་རིག་པའི་སློབ་དཔོན་ཞིག་ཡིན། ཕྱོགས་གཞན་ཞིག་ནས་ཁོང་ནི་རིག་ཚན་གཅིག་གི་སློབ་དགེ་ཙམ་ཞིག་མིན། ཁོང་ཉིད་དགེ་རྒན་གྱི་དཔུང་སྡེ་དང་འཛིན་སྐྱོང་གི་བར་དང་། བོད་ཀྱི་རིག་གནས་སྡེ་ཚན་དང་སྡེ་ཚན་གཞན་པའི་བར། སློབ་གཉེར་པའི་སྡེ་དང་མཐོ་སློབ་ཀྱི་དགེ་ལས་ཀྱི་བར། མཐོ་སློབ་དང་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་མི་སྣའི་བར་བཅས་ཀྱི་ལས་དོན་སྣ་མང་ལ་མཁྱེན་དཔྱོད་ཆེ་ལ། འཇོན་ནུས་ལྡན་པ། དྲང་ཚུགས་ཆེ་ཞིང་། གུ་ཡངས་པའི་སྤྱི་འབྲེལ་ཆེན་པོ་ཞིག་གི་མཚམས་ཚུགས་ཀུན་ཏུ་བརྟན་གྱི་ལེར་གནས་པའི་སློབ་དཔོན་དང་། གཏམ་གླེང་བ། འབྲེལ་མཐུད་པ། ། ལས་བྱེད་བདེ་དོན་དང་སློབ་གཉེར་ལྷན་ཚོགས་ཀྱི་ལམ་སྟོན་པ། ལས་རིགས་མང་པོ་ཞིག་གི་གོ་སྒྲིག་པ། ཚོགས་ཆུང་མང་པོ་ཞིག་གི་ཚོགས་གཙོ་དང་ཚོགས་མི། ཆ་འཇོག་དང་བརྩི་བཀུར་ཐོབ་པའི་ཡིད་རྟོན་རུང་བའི་སྤྱི་མི་ཚད་ལྡན་ཞིག་བཅས་ཡིན།
ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཁོང་གི་ལྷག་བསམ་དང་འཇོན་ནུས་ཀྱིས་སློབ་གཉེར་ལྷན་ཚོགས་ཀྱི་སྡེ་ཁག་དེ་ཁྱད་ནུས་ལྡན་པ་ཞིག་ཏུ་འཕེལ་རྒྱས་བྱུང་། ཕྲན་རང་མཐོ་སློབ་ཏུ་ལས་ཞུགས་བྱེད་སྐབས་ཁོང་ཉིད་སློབ་གཉེར་ལྷན་ཚོགས་ཀྱི་སློབ་སྟོན་པ་རེད་འདུག མཐོ་སློབ་འདིའི་སློབ་གཉེར་ལྷན་ཚོགས་ནི། སློབ་གཉེར་པ་ཡོངས་ནས་འོས་ཤོག་བརྒྱུད་འདེམས་སྒྲུག་དང་། འོས་ཐོབ་བྱུང་བའི་མི་སྣ་དེས་རང་གི་ལས་རོགས་བཙལ་ནས་ལྷན་ཚོགས་ཀྱི་ངོ་བོ་གྲུབ་པར་བྱས་ཏེ། སློབ་གཉེར་པ་རང་ངོས་ནས་འགན་ཁུར་འོག ཤེས་ཡོན་དང་། རིག་གཞུང་། རྩེད་རིག སློབ་གཉེར་བའི་བདེ་དོན་བཅས་ལ་འགན་ལེན་བྱེད་པའི་ལྷན་ཚོགས་ཁྱད་ནུས་ལྡན་པ་ཞིག་ཡིན། ལྷན་ཚོགས་འདིས་སློབ་གཉེར་བའི་འཇོན་ནུས་དང་སྤོབས་པ། རང་འགན་རང་ཁུར་གྱི་བསམ་སྤྱོད་བཅས་ཀྱི་ཕྱོགས་ལ་སྦྱོང་བརྡར་དང་དོན་དངོས་གཉིས་ཐད་ནས་ཕན་ནུས་ཆེན་པོ་ཐོན། སློབ་གཉེར་པ་ལ་འདི་ལྟ་བུའི་རྩ་འཛུགས་ལྡན་པའི་རང་དབང་གི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་པར་འདོད་བློ་ཡོད་མེད་ཕྱི་ནང་ཀུན་ན་ཡོད་ཀྱང་། སློབ་དཔོན་དམ་པ་ཁོང་ནི་སློབ་གཉེར་ལྷན་ཚོགས་དེ་རང་དབང་ལྡན་པའི་ལྷན་ཚོགས་ཚད་ལྡན་ཞིག་ཏུ་གནས་པར་གདེང་ཐག་ཆོད་པའི་རྒྱབ་རྟེན་གཙོ་བོ་ཞིག་ཏུ་བཞུགས་སོང་། ཁོང་གིས་སློབ་གཉེར་ལྷན་ཚོགས་ཀྱི་སློབ་སྟོན་གནང་བའི་སྐབས་དག་ཏུ། ལྷན་ཚོགས་འདིས་སྣེ་ཁྲིད་དེ་རིག་གཞུང་བགྲོ་གླེང་གི་མཐོ་རླབས་ཤིག་འཕྱུར། མཐོ་རླབས་དེའི་ཁྲོད་དུ་ངེད་གཉིས་རྟག་པར་མཉམ་ཞུགས་བྱས། ད་དུང་ལོ་ངོ་མང་པོ་ཞིག་ལ་ལྷན་ཚོགས་འདིའི་རྩིས་དཔང་གནང་། ལྷན་ཚོགས་འདིའི་ནུས་པ་རྒྱུན་གནས་དང་འཕེལ་རྒྱས་བཅས་ཀྱི་ཐད་དུས་རྒྱུན་ཐུགས་ཁུར་དང་གླེང་མོལ་གནང་གི་ཡོད། སློབ་གཉེར་བའི་འཇོན་ནུས་དང་མཐོ་སློབ་ཀྱི་ཤེས་ཡོན་ཁོར་ཡུག་ཐད་སློབ་གཉེར་ལྷན་ཚོགས་ཀྱིས་འགན་ཆེན་པོ་ཞིག་ལེན་དགོས་པའི་དགོངས་ཚུལ་ཞིག་ཁོང་ལ་དུས་རྟག་ཏུ་ཡོད།
ཏཱ་ལའི་བླ་མ་མཐོ་སློབ་ནི་བོད་པ་རང་ཉིད་ཀྱིས་འཛིན་སྐྱོང་ཆ་ཚང་དང་། རྒྱ་གར་གཞུང་ནས་ངོས་ལེན་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཅིག་པུ་དེ་ཡིན། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ལམ་ལུགས་སུ་གཞུང་ལུགས་མང་པོ་བསྟར་ཆགས་སུ་སྦྱོང་བའི་གོ་རིམ་རང་བཞིན་གྱི་བསླབ་གཞིའི་འགྲོ་ཚུལ་ཚད་ལྡན་ཡོད་ཀྱང་། དུས་ཐུང་ནང་རིག་ཚན་སྣ་མང་མཉམ་སྦྱོང་བྱེད་པའི་འཕྲེད་བསྟར་རང་བཞིན་ཆེ་བའི་བསླབ་གཞིའི་སྤྱི་སྒྲོམ་དང་སློབ་གསོའི་འགྲོ་ཚུལ་ཐད་གོམས་བྱང་ཆེན་པོ་མེད་པས། མཐོ་སློབ་འདིར་སློབ་གནས་མི་འདྲ་བ་དང་། རིག་ཚན་མི་འདྲ་བ་དག་ལ་དེང་དུས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་གི་འགྲོས་དང་མཐུན་པའི་བསླབ་གཞི་སྒྲིག་བཟོའི་བྱ་བ་མང་པོ་ཞིག་བྱུང་ཞིང་། འདས་པོ་དམ་པ་ཁོང་གིས་བོད་ཀྱི་ལོ་རྒྱུས་རིག་པའི་བསླབ་གཞི་སྒྲིག་བཟོ་ཀུན་ལ་གཙོ་འགན་བཞེས། ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་བསླབ་གཞིའི་སྐྱ་སྒྲོམ་དེ་ཧ་ཅང་དུས་ཐུང་ནང་སྒྲིག་དགོས་བྱུང་ཡང་། ཁོང་གི་རིག་ཚན་གྱི་མཐོང་རྒྱ་དང་སློབ་གསོའི་གནས་རིམ་གྱི་གོ་རྟོགས་བཟང་པོས། ཕྱིས་སུ་བསླབ་གཞི་ཞིབ་ཚགས་ཀྱིས་བཟོ་སྒྲིག་གཏན་འབེབས་ཚོགས་ཆུང་དང་། སློབ་ཁྲིད་དངོས་ཀྱི་བརྒྱུད་རིམ་ལ་ཕན་ནུས་ལྡན་པའི་གཞི་སྒྲོམ་ཞིག་སློང་ཐུབ་ཡོད།
ཕྱི་ལོ་ ༢༠༢༢ ལོར་( National Education Police NEP)རྒྱ་གར་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་གསར་པའི་འོག འདི་ག་མཐོ་སློབ་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་གཞི་ཡོངས་ལ་འགྱུར་བ་ཆེན་པོ་ཐེབས་པ་དང་། རིག་གནས་རབ་འབྱམས་པའི་བསླབ་གཞིའི་སྒྲོམ་གཞི་དེ་བསྐྱར་སྒྲིག་ཆེན་པོ་ཞིག་བྱེད་དགོས་བྱུང་། སྐབས་དེར་བོད་ཀྱི་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་གཞི་ཁག རྒྱ་གར་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་གསར་པ་ལྟར་བསྐྱར་སྒྲིག་བྱེད་པའི་ཚོགས་ཆུང་གི་ཚོགས་གཙོ་འདས་པོ་དམ་པ་ཁོང་གིས་གནང་། བོད་ཀྱི་རིག་གནས་ལ་མཁྱེན་པ་རྒྱས་པ་དང་། རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གསར་པའི་སྤྱི་སྒྲོམ་དང་། གནད་བྱེ་བྲག་པར་རྟོག་ཞིབ་བྱས་ཏེ། རང་རེའི་འགྲོས་རྙིང་པ་དེ་ལམ་གསར་པ་ཞིག་ཏུ་འདྲེན་བསྐྱོད་བྱེད་པའི་བརྒྱུད་རིམ་ནང་ཁོང་གིས་རྐང་འགན་ཆེན་པོ་ཞིག་བཞེས། ང་ཚོས་གནད་དོན་རེ་རེར་རྟོག་ཞིབ་དང་། འདྲི་རྩད། རྩོད་གླེང་། གྲོས་བསྡུར་གྱིས་ཚོགས་ཐེངས་སུམ་ཅུ་ལྷག་ལ་མཉམ་འཛོམས་བྱས་ཏེ་ཚེགས་ཆེན་པོའི་བྱ་བ་དེ་འགྲུབ་པའི་བརྒྱུད་རིམ་ནང་། ཁོང་གི་མཁྱེན་དཔྱོད་དང་ངང་རིང་གི་གཤིས་ཀ་དེས་ཧ་ཅང་ཕན་ནུས་ཆེན་པོ་བྱུང་།རྒྱ་གར་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞི་དང་མཐུན་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སླབ་གཞིའི་ཁོངས་སུ་ཁོང་ཉིད་ནས་སློབ་ཁྲིད་བྱ་དགོས་པའི་བོད་ཀྱི་དཔལ་ཡོན་ལོ་རྒྱུས་གྱི་བསླབ་གཞི་གསར་སྣོན་བྱས། བསླབ་གཞི་དེ་ད་ལྟའི་སློབ་སྐབས་སུ་སློབ་ཁྲིད་བྱེད་འཆར་ཁོངས་བཞག་འདུག་མོད། གལ་གནད་ཆེ་བའི་བསླབ་གཞི་གསར་པ་དེ་ཁྲིད་ཁོམ་མ་བྱུང་བར་ཁོང་ཉིད་གློ་བུར་དུ་སྐུ་འདས་པ་རེད།
མཐོ་རིམ་སློབ་གསོའི་ལས་དོན་ནང་སློབ་ཁྲིད་ཁོ་ན་མ་ཡིན་པར། སློབ་དུས་སོ་སོ་དང་། སློབ་གནས་སོ་སོའི་རྒྱུགས་སྤྲོད་ལེན་དང་། རྒྱུགས་དུས་སོ་སོའི་ཨང་ཐོབ་ལག་ཁྱེར། སློབ་ཐོན་རིམ་པའི་ལག་ཁྱེར་བཟོ་སྒྲིག་བཅས་ལ་དགེ་ལས་མང་པོ་ཞིག་གིས་མཉམ་རུབ་ཀྱིས་ལས་འགན་བསྒྲུབ་དགོས། ཁོང་གིས་སྐབས་མང་པོ་ཞིག་ཏུ་རྒྱུགས་སྤྲོད་ཚོགས་ཆུང་གི་ཚོགས་མི་གནང་། ཐོག་མར་མེས་སོར་གཙུག་ལག་སློབ་གཉེར་ཁང་དུ་རྒྱུགས་བཅོས་དང་། དེ་ནས་དྲ་ལམ་རྒྱུགས་བཅོས། རྗེས་སུ་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་དུ་རྒྱུགས་བཅོས། དེ་ནས་མཐོ་སློབ་རང་དུ་རྒྱུགས་བཅོས་བཅས་ལ་ངེད་གཉིས་མཉམ་དུ་ཞུགས། ལས་དོན་ཐེངས་གཅིག་བསྒྲུབ་རྗེས་ལས་རིམ་དེའི་རྩ་བའི་འགྲོ་ཕྱོགས་ལ་བྱང་ཆ་དང་ཉམས་མྱོང་ལྡན་པར་འགྱུར་བ་ནི་ཁོང་གི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། ལྷག་པར་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་འབྲས་ཐོབ་སྐར་གྱི་ལག་ཁྱེར་བཟོ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་། རྒྱུགས་འབྲས་ཨང་ཤོག་གསར་བཟོའི་ཆེད་དུ་རིག་ཚན་དང་། སློབ་ཚན། བསླབ་གཞི་སོ་སོ་ཨང་རྟགས་ཀྱི་ལམ་ནས་གཏན་ཁེལ་བྱེད་དགོས་པའི་ལས་དོན་གསར་པ་དེ་ང་ཚོས་དང་ལེན་བྱ་དགོས་བྱུང་། ལས་དོན་དེའི་ཚོགས་ཆུང་གི་ཚོགས་གཙོ་ཕྲན་དང་འདས་པོ་དམ་པ་ཁོང་ཚོགས་མིའི་ཁོངས་སུ་བཞུགས་ནས་ང་ཚོས་མཉམ་ལས་བྱས། ནོར་ཉེན་དང་མགོ་རྙོག་ཆེ་བའི་ལས་དོན་དེའི་ཆེད་དུ་ང་ཚོ་ཐེངས་མང་མཉམ་འཛོམས་དང་། ལས་དོན་གྱི་བརྒྱུད་རིམ་དུ་གཏན་འབེབས་ཇི་བྱུང་གི་རིམ་པ་ཡོངས་རྫོགས་སྙན་ཐོར་བྲིས། སྐབས་དེར་ཕྲན་ལ་དོ་སྣང་བྱུང་བ་ནི་འདས་པོ་དམ་པ་ཁོང་གི་དབྱིན་ཡིག་གི་ཤེས་ཚད་ཡིན། སྙན་ཐོ་ཁག་གི་མཐའ་མའི་བསྐྱར་ཞིབ་སྐབས་ཁོང་གིས་དབྱིན་ཡིག་གི་བརྗོད་པའི་ཐད་དགོངས་འཆར་དང་བསྐྱར་བཅོས་ཀྱི་བསམ་འཆར་ཧ་ཅང་མང་པོ་བཏོན། ལྷག་པར་ཁོང་གི་དབྱིན་སྐད་མིང་ཚིག་ཧ་ཅང་ཕྱུག སྐབས་རེར་གནད་དོན་དེ་མཚོན་པའི་མིང་ཚིག་ལེགས་པོ་ཞིག་ཡོད་ཨང་ཞེས་འདུག་སྟེགས་ནས་དགྱེ་དགྱེ་བྱས་ནས་བསམ་བློ་གཏོང་། མིང་ཚིག་དྲན་གསོའི་ཆེད་མཛུབ་མོས་དག་ཆ་འབྲི་བའི་ཚུལ་དུ་པུས་མོའི་སྟེང་ནས་འགུལ་འགུལ་བྱེད། ཨོ་ད་དྲན་སོང་ཟེར་ནས་འཛུམ་ཙམ་བྱས་ནས་དངོས་སུ་འབྲི། ད་ཆ་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་ནས་བོད་ཀྱི་རིག་གནས་ཐོག་གཙུག་ལག་རབ་འབྱམས་པའི་སློབ་ཐོན་པ་དག་ལ་རྒྱུགས་འབྲས་སྐར་ཐོབ་ལག་ཁྱེར་དང་། སློབ་ཐོན་ལག་ཁྱེར་ཁག་ལེགས་སོན་བྱུང་བའི་རིམ་པར་ཡང་འདས་པོ་དམ་པ་ཁོང་གི་ལེགས་མཛད་མང་པོ་ཞིག་ཚུད་ཡོད།
ཏཱ་ལའི་བླ་མ་མཐོ་སློབ་ཏུ་བོད་ཀྱི་རིག་གནས་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གནས་གཏན་འབེབས་མ་བྱུང་བར། བོད་ཀྱི་རིག་གནས་སྡེ་ཚན་གྱི་སློབ་ཕྲུག་ཚང་མ་ངེད་གཉིས་ཐུན་མོང་གི་སློབ་ཕྲུག་ཡིན། སློབ་ཕྲུག་ཚོ་ཁོང་གི་སློབ་ཁྲིད་ལ་ཧ་ཅང་དགའ་མོས་བྱེད་ཅིང་། ཁོང་གི་མདུན་འཇོག་སྟེང་དུ་སློབ་ཁྲིད་སྒྲ་འཇུག་ཆེད་སློབ་གཉེར་པ་ཚོའི་ཁ་པར་དག་སྤུངས་ནས་ཡོད། སྨྲ་བརྗོད་དག་ལ་སྐད་གདེངས་སྦོམ་པའི་ཁོང་གི་ཁྲིད་རྩལ་ལ་ཀུན་གྱིས་དགའ་མོས་བྱེད། ལྷག་པར་སློབ་ཁྲིད་ཀྱི་ནང་དོན་དང་འབྲེལ་བའི་སྤྱིར་བཏང་ཤེས་བྱ་སྣ་ཚོགས་ཀྱི་གསབ་བཤད་དང་། དོགས་སློང་དང་དགོད་ཁ་སློང་བའི་བཤད་སྒྲོས་ཁྱད་པར་ཅན་ལ་བརྟེན་ནས་སློབ་མ་ཚོར་དྲི་བ་སྣ་ཚོགས་ཀྱི་ཁུངས་སྣེ་རག་གི་ཡོད། སློབ་ཐུན་གྲོལ་ཡང་དྲི་བ་དྲིས་ལན་གྱི་ལས་རིམ་མ་རྫོགས་པས་སློབ་མ་ཚོ་ཁོང་གི་ཁྲིད་ཅོག་སྣེར་སྤུངས་ནས་ཡོད་པ་ཕྲན་གྱིས་སྐབས་མང་པོར་མཐོང་མྱོང་། ཕྲན་རང་ཁོང་གི་རིག་གཞུང་ཚོགས་བཤད་ཀྱི་ནུས་པར་ཡིད་སྨོན་སྐྱེས་མྱོང་། ངེད་གཉིས་ཚོགས་བཤད་མང་པོར་མཉམ་ཞུགས་བྱས་པས། ཐེངས་ཤིག་ཕྲན་གྱི་གཏམ་བཤད་བྱེད་ཕྱོགས་ལ་སྐྱོན་གནས་དང་དགོངས་འཆར་འདོན་རོགས་ཞུས་པས། གཞན་ཅང་མི་འདུག ཁྱེད་ཀྱིས་གཏམ་བཤད་མགོ་འཛུགས་སྐབས་དབུས་སྐད་གང་ལེགས་བསྐྱོན་གྱི་འདུག་ཀྱང་། སྐད་ཆའི་ནང་དུ་འཛུལ་ཚར་དུས་ཨམ་སྐད་དུ་འགྱུར་འགྲོ་གི་འདུག་གསུངས་བྱུང་། དེ་དུས་ངེད་གཉིས་ཀ་གད་མོ་བགད་པ་ཡིན།
ཁོང་གི་སློབ་ཕྲུག་ཚོའི་དྲན་པའི་ཀློང་ན། རྒན་ལགས་ནི་རིག་ཚན་གཅིག་ཙམ་ལ་མགོ་འཁོར་མི་འདུག་པར་ཕྱོགས་ཡོངས་ནས་མཐོང་རྒྱ་བསྐྱེད་ཕྱིར་དཔེ་ཀློག་ལ་སྐུལ་འདེད་བྱེད་མཁན་ཞིག་ཡིན་པ་དང་། རྒན་ལགས་རང་ཉིད་དེ་ལྟ་བུ་ཞིག་ཡིན་པ་ཁོང་རང་ཉིད་ཀྱི་གཏམ་སྤྱོད་ནས་མངོན་པ། ས་བཀྲ་བཀོལ་སྤྱོད་ཀྱིས་གནའ་དེང་གི་རྒྱལ་མཚམས་སློབ་ཁྲིད་སྐབས་ཁོང་གི་ས་རྒྱུས་ཀྱི་ཤེས་བྱ་ཟབ་མོས་སློབ་ཕྲུག་ཚོ་ཡུལ་སྐོར་འགྲོ་བཞིན་པ་ལྟ་བུའི་སྣང་བ་སྟེར་ཐུབ་པ། རྒན་ལགས་ཀྱིས་སློབ་ཁྲིད་ལ་གཟབ་ཉན་མ་བྱས་ན་སྤྱི་སྒྲོམ་དང་དགོངས་ཕྱོགས་གོ་དཀའ་བ་ཞིག་ཡིན་ཡང་། གཟབ་ཉན་བྱས་ན་སློབ་དེབ་དང་དེའི་ཚིག་རིས་འགྲེལ་བཤད་ཀྱི་ལམ་ཐིག་ལས་བརྒལ་ནས། ཁོང་གི་མཐོངས་རྒྱ་དང་དཔྱད་སྟོབས་འདྲེས་མའི་བཤད་པ་མང་པོ་ཞིག་འདུས་ཡོད་པ། སློབ་མའི་རང་དབང་གི་བསམ་བློ་དང་འཆར་སྒོ་ལ་མགོ་གནོན་མི་བྱེད་ཅིང་། འཛིན་གྲྭའི་ཕྱི་དང་སློབ་ཐོན་གྱི་སྐབས་ཀུན་ཏུ་སློབ་མ་དང་འབྲེལ་ལམ་དང་རྒྱབ་བསྐྱོར་བྱེད་པ། ལྷག་པར་དྲི་བ་ཅི་ཞིག་བཏང་ཡང་འཚེར་སྣང་མི་དགོས་ཤིང་།དགེ་སློབ་ཀྱི་བར་ཐག་ཆེར་མི་ཕྱེད་པར་འདྲ་མཉམ་གྱི་བགྲོ་གླེང་དང་། དྲི་བ་ཀུན་ལ་ལན་འདེབས་བྱེད་སྐབས་ཀྱི་ཁོང་གི་དཀྱེལ་ཡངས་ཀྱི་བསམ་བློ་དེས་ཁོང་གི་སློབ་ཁང་ནི་རང་དབང་གི་ཁང་པ་དང་། ཤེས་བྱ་ཡི་འདུ་ར་ཞིག་ཏུ་གྱུར་བས། ཁོང་ལ་རྒན་གོ་གུལ(google)་ཞེས་པའི་མཚན་གནས་ཤིག་ཆེད་དུ་གདགས་པ་མེད་པར་ཐོགས།
མཐོ་སློབ་ཀྱི་བགྲོ་གླེང་ལས་རིམ་དང་། སློབ་ཕྲུག་ཚོས་གོ་སྒྲིག་བྱས་པའི་ལས་རིམ་མང་པོར་འདས་པོ་དམ་པ་ཁོང་དང་ཕྲན་གཉིས་མཉམ་ཞུགས་བྱས་ནས་ཡོང་། མཐོ་རིམ་སློབ་གླིང་ཞིག་གི་བགྲོ་གླེང་དང་གཏམ་བཤད་དེ་གནས་ཚུལ་མཁོ་སྤྲོད་དང་། ངོ་སྤྲོད་དང་བསླབ་བྱ་འདོམས་པ་ལྟ་བུའི་བཤད་སྒྲོས་ལས་བརྒལ་ཐུབ་པར་ང་ཚོ་ཐུན་མོང་གིས་འབད་བརྩོན་བྱས། ལྷག་པར་འདས་པོ་དམ་པ་ཁོང་གིས་བགྲོ་གླེང་གི་ལས་རིམ་ཀུན་ཏུ་གྲ་སྒྲིག་ལེགས་པོ་དང་། དུས་ཐུང་ནང་དོན་མང་པོ་ཞིག་གནད་དུ་ཁེལ་བར་བཤད་ཐུབ་པའི་འཆད་རྩལ་ཧ་ཅང་ཆེ། ཕྲན་གྱིས་རྩོམ་རིག་གཙུག་ལག་རབ་འབྱམས་པར་སློབ་ཁྲིད་ཐོག་མར་བྱེད་དུས། ཁོང་ལ་རེ་སྐུལ་ཞུས་དོན་ལྟར། རྩོམ་རིག་གཙུག་ལག་རབ་འབྱམས་པའི་འཛིན་གྲྭར། རཱ་མའི་གཏམ་རྒྱུད་ཀྱིས་རྒྱ་གར་གྱི་ད་ལྟའི་སྤྱི་ཚོགས་སུ་ཤུགས་རྐྱེན་ཅི་ཡོད་སྐོར་ནས་ཁོང་གིས་འཆད་ཁྲིད་ཅིག་གནང་། རཱ་མའི་གཏམ་རྒྱུད་དེ་རྒྱ་གར་གྱི་ཆོས་ལུགས་དང་། རྩོམ་རིག རི་མོ་དང་འདྲ་འབག སྤྱི་ཚོགས་དང་འཚོ་བའི་ངོས་ཀུན་ལ་ཁྱབ་ཅིང་གནས་པའི་ངང་ཚུལ་ཐད་རྒྱུ་ཆ་ཕུན་སུམ་ཚོགས་པའི་སྤྱན་བསྟར་གཏམ་བཤད་ཅིག་གནང་བ་དེ་ཕྲན་གྱིས་ད་ལྟའང་སློབ་ཁྲིད་རྒྱུ་ཆར་བཀོལ་མུས་ཡིན། ཁོང་གིས་དུས་རབས་རིམ་བྱུང་གི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་གིས་ལོ་རྒྱུས་འགྲེལ་བརྗོད་ཀྱི་འགྱུར་འགྲོས་དང་། དམར་ཤོག་གི་ལྟ་བས་འཛམ་གླིང་ཤར་ཕྱོགས་ཀྱི་རིག་གཞུང་དང་སྤྱི་ཚོགས་འགྲེལ་བརྗོད་ཀྱི་འཕེལ་རིམ། གོང་ས་ཏཱ་ལའི་བླ་མའི་ཐུགས་བསྐྱེད་དམ་བཅའ་བཞི་དང་བོད་མིའི་ལག་ལེན་བར་གྱི་སྟོང་ཆ། བཙན་བྱོལ་བོད་པའི་བཅའ་ཁྲིམས་ལ་འཕྲད་པའི་ཉེན་ཁ་སོགས་ཀྱི་ཐད། རྒྱབ་ལྗོངས་ཆེ་ས་ནས་ལྟ་ཞིབ་དང་། བདེན་དཔང་ལྡན་པའི་བཤད་པ། རིགས་ལམ་ལེགས་པའི་དཔྱད་གླེང་དག་ནི་ཉེ་བའི་ཆར་ང་ཚོ་མཉམ་དུ་བགྲོ་གླེང་ལས་རིམ་ལ་ཞུགས་སྐབས་ཀྱི་ཁོང་གི་གཏམ་བཤད་ཀྱི་བརྗོད་གཞི་ཕྲན་གྱི་དྲན་ལམ་ན་གནས་པ་སྐོར་ཞིག་རེད། གནད་དོན་དེ་དག་དཔྱད་གླེང་བྱེད་སྐབས་ཀྱི་ཁོང་གི་མཐོང་རྒྱ་དང་རིག་སྟོབས། གདེང་སྤོབས་དང་འཆད་རྩལ་དག་ད་དུང་ཡང་ཕྲན་གྱི་མིག་ལམ་ན་འགུལ་གྱིན་འདུག རྣ་ལམ་ན་གྲགས་ཀྱིན་འདུག མཐོ་སློབ་འདིར་འདི་ལྟ་བུའི་དཔྱད་གླེང་བ་ཅིི་འདྲའི་མཁོ་ཨང་།
དེང་སྐབས་སྒེར་གྱི་ཁེ་ཕན་དོན་གཉེར་གྱི་ལམ་སྣེ་མང་པོ་དོད་པ་དང་། ཕྱི་ནང་གི་ཆབ་སྲིད་སྣ་ཚོགས་ཀྱི་རླུང་འཚུབ་ཇེ་ཆེར་སོང་བ། ཕྱོགས་བསྒྲིལ་དང་གླེང་ཕྱོགས་སྣ་ཚོགས་ཀྱི་ཁ་ཤུགས་དང་ཁེ་ཕན་སྦྲགས་སྦྲེལ་འཁྲུགས་ཆ་ཆེ་རུ་སོང་ནས། སྤྱི་ཚོགས་དང་ཚོགས་སྡེ། མི་སྒེར་མང་པོ་ཞིག་བྱ་སྤུ་རླུང་ཁྱེར་དང་། ཤིང་ལོ་རླུང་སྤུར་གྱི་དཔེ་བཞིན་ཕར་ལྡིང་ཚུར་ལྡིང་དང་། ཡར་གཡོ་མར་གཡོོ་བྱེད་པའི་དུས་སྐབས་སུ། གནད་འགག་དང་གནས་ཚུལ་གང་གི་སྐབས་སུའང་དྲང་ཚུགས་གཡོ་མེད་དང་། བདེན་པ་གོང་བཀུར། ཚོད་ཟིན་ལ་ཚུགས་ཐུབ་པའི་སྐྱེས་བུ་ནི་ཤིན་ཏུ་དཀོན་ཨང་། མཐོ་རིམ་སློབ་གྲྭ་དེ་སྤྱི་ཚོགས་དང་སྲིད་དོན་གྱི་བསམ་བློའི་ཁ་ཕྱོགས་ཀྱི་མཁའ་དབུགས་གསར་པ་མཁོ་སྤྲོད་བྱེད་པའི་བསམ་བློའི་དབྱར་ལྗོངས་ལྗང་ལྟེམ་མེ་ཞིག་ཏུ་མ་འཁྱོངས་ཀྱང་། ཆབ་སྲིད་པའི་སྡིངས་ཆ་ཞིག་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས་སྣ་ཚོགས་ཀྱི་རྡུལ་འཚུབ་ཁྲོད་གཡོ་ཞིང་འགུལ་བཞིན་པའི་དགུན་གཞུང་སྐྱ་ཐེར་རེ་བ་ཞིག་ཏུ་མི་འགྱུར་བ་དེ་ཆེས་གལ་གནད་ཆེ་ཨང་། འདས་པོ་དམ་པ་ཁོང་ནི་གནད་དོན་འདིའི་ཐད་ནས་ཡིད་སྨོན་དང་ཡིད་རྟོན་བྱེད་ཡུལ་གྱི་སྐྱེས་བུ་ཁྱད་པར་བ་ཞིག་ཡིན། ཁོང་ནི་ཐུགས་གཤིས་དང་ཀུན་སྤྱོད་གང་ཐད་ནས་མཐོ་སློབ་ཀྱི་བསམ་བློའི་ཁོར་ཡུག་གི་རང་ཚུགས་ལ་ནུས་པ་ཐོན་མཁན་ཞིག་དང་། མཐོ་སློབ་རང་ཉིད་ཀྱི་ལས་དོན་དག་ཀྱང་རྩ་དོན་ལྡན་ལ་དྲང་བདེན་ཡོང་ཐབས་ལ་སྤྱི་ཡོངས་ནས་གཞོལ་མཁན་ཞིག་ཡིན། ཁོང་གིས་ཕན་མི་ཐོགས་པའི་གནས་སུ་གཟིགས་ནས་ཞལ་མི་གསང་བར་བཞུགས་པའི་སྐབས་འགའ་རེ་འབྱུང་གི་ཡོད་པ་ལས། དུས་རྒྱུན་གནད་ལ་ཐུག་དུས་བདེན་དོན་དང་གནས་ལུགས་གཙོར་བོར་འཛིན་པ་ལས། མི་སྒེར་དང་གོ་ཐོབ། ཕྱོགས་ཁག་བྱེ་བྲག་པའི་ཁེ་ཕན་ཁོག་བཅུག་གི་གཏམ་སྤྱོད་ཡེ་ནས་མི་མངོན། རང་གི་འཇོན་ནུས་ལས་བརྒལ་ནས་ལས་དོན་མང་པོར་ཁུར་ལེན་བྱེད་པར་གཏན་ནས་མི་དགའ། མཐོ་སློབ་ཀྱི་དགེ་ལས་ཀྱི་ཚོགས་འདུ་དང་། སྡེ་ཚན་ཚོགས་འདུ་དག་གི་གྲོས་བསྡུར་གྱི་རིམ་པ་གང་ཞིག་གི་སྐབས་སུའང་། ཐག་གཅོད་སྔ་ཕྱི་མཐུན་མིན་དང་། སློབ་གཉེར་བའི་ཁེ་ཕན་དང་མཐུན་མིན། མཐོ་རིམ་སློབ་གསོའི་གཞི་རྩའི་གནས་ཚད་དང་མཐུན་མིན་བཅས་ལ་དུས་རྟག་ཏུ་འདྲི་རྩད་དང་། རྩོད་གླེང་། དགོངས་འཆར་འདོན་པར་འཛེམས་དོགས་མི་གནང་། ཁོང་དང་ཆེས་ཉེ་བའི་མི་ཚེའི་གྲོགས་པོ་དག་གིས་ཀྱང་། ཁོང་ནི་གཉོམ་ཆུང་ལ་ཐུབ་ཚོད་མེད་པའི་བསམ་སྤྱོད་བཟང་པོ་དང་། གོ་ཐོབ་དང་སྙན་གྲགས་ཅན་གྱི་མདུན་ནས་གཉའ་ཞུམ་ཆོག་ཆོག་མི་བྱེད་པའི་སྤོབས་པ་མཆོག་ཏུ་གྱུར་བའི་མི་གཤིས་ཁྱད་པར་བའི་ཡོན་ཏན་ཅན་ཞིག་ཡིན་ཞེས་པ་དེ་མི་ལོ་བཅུ་ལྷག་གི་མཉམ་འགྲོགས་ནས་ཀྱང་དངོས་སུ་མཐོང་བྱུང་།
ཁོང་ནི་སྒམ་ཚུགས་ཆེན་པོ་ཅན་ཞིག་ཡིན་པས་ཚོར་བ་སྐྱེན་པའི་གཏམ་དང་གནས་ཚུལ་ཇི་བྱུང་དྲན་ཡུལ་ན་ཅི་ཡང་མི་འདུག ངེད་གཉིས་སྦི་རག་ཅུང་ཙམ་རེ་མཉམ་དུ་འཐུང་དུས་ཀྱང་སྤྱི་ཚོགས་ཀྱི་གནས་ཚུལ་དང་། ལྷག་དོན་མཐོ་སློབ་ཀྱི་ལས་དོན་དང་མདུན་ལམ་ཐད་ཀྱི་རང་རང་གི་ལྟ་ཕྱོགས་མང་པོ་ཞིག་གླེང་ཤུགས་ཇེ་ཆེར་འགྲོ་བ་ལས་སྒེར་གྱི་དགའ་སྡུག་གི་སྐད་ཆ་གང་ཡང་བཤད་མ་མྱོང་། ངེད་གཉིས་ལ་མ་འདྲ་བའི་ཆ་ཞིག་ཡོད་པ་ནི། ཁོང་གིས་ཟ་མ་མ་ཟོས་སྔོན་ལ་སྤི་རག་འཐུང་རྒྱུ་དགའ་བོ་མི་བྱེད་པ་དང་། ང་ཟ་མ་ཟོས་རྗེས་སྦི་རག་འཐུང་རྒྱུར་མི་དགའ། ཁོང་སྤི་རག་འཐུང་རྗེས་མགྱོགས་པོར་གཉིད་འགྲོ་བས་ངེད་གཉིས་ཆང་གྲོགས་ལེགས་པོ་ཞིག་བྱེད་པའི་སྐལ་བ་མ་བྱུང་། མ་གཞི་ཁོང་ནི་མཉམ་འཛོམས་དང་སྤྲོ་སྐྱིད་སོགས་ཀྱི་སྐབས་སྦི་རག་ཅུང་ཙམ་རེ་ལས་དུས་རྒྱུན་ཆང་རག་འཐུང་མཁན་ཞིག་མིན། ང་ཚོ་སྐབས་མང་པོ་ཞིག་ཏུ་ཇ་མངར་མོ་མཉམ་འཐུང་དང་། སྐབས་འགའ་རེ་ཕྱི་ཪོལ་གྱི་ཤིང་ནགས་དང་རི་སྒང་དུ་སོང་ནས་མེ་འབུད། ཇ་སྐོལ། ཤ་བཙོས། རི་མཐོ་ས་ནས་གཤོངས་ཡངས་སར་བལྟས། རང་རང་གི་མི་ཚེའི་དྲན་པ་དང་། འཆར་སྒོ་སྣ་ཚོགས་འཛེམས་དོགས་དང་མཛེས་ཟོལ་མེད་པར་གླེང་། རི་སྒང་ནས་ངས་འབྲོག་གཤིས་བསྟན་ནས་ཀི་བཏབས་དུས། ཁོང་ཟུར་ནས་དགོད་ཀྱིན་ཡོད། འཛུམ་རིས་དེ་ཚོ་ད་དུང་ཡང་མིག་ལམ་དུ་གསལ་ལྷང་ལྷང་མངོན་ཡོང་དུས། ང་ལ་ཁོང་ཉིད་ད་དུང་དྲུང་ན་ཡོད་པའི་སྣང་བ་འཁོར་ཡོང་གིན་འདུག དགེ་འདུན་ཆོས་འཕེལ་གྱི་སྙན་ངག་ཅིག་ཏུ། མ་བརྟགས་སེམས་ཀྱི་འཆར་ཚུལ་ཞིག་ལ། །ད་དུང་དྲུང་ན་ཡོད་ཡོད་འདྲ་བ། །དྲན་པའི་གཞུ་མོ་ནང་དུ་བཀུགས་ཚེ། །སྙིང་ཁོང་སྟོང་བའི་རྒྱུ་ལས་མི་འདུག ཅེས་པའི་སྙན་ཚིག་འདི་གོ་ཆེས་དམིགས་བསལ་གྱི་ཚོར་བ་ཁྱད་པར་བ་ཞིག་བཟུང་ནས་བྲིས་གནང་མཛད་འདུག་ཨང་།
འདས་པོ་དམ་པ་ཁོང་ཉིད་ནམ་རྒྱུན་སྡོད་ཤག་ཏུ་འཛར་འཛོར་གྱིས་བཞུགས་མཁན་ཞིག་ཡིན། ཁོང་གི་གྲོགས་པོ་ཚོས་ལེགས་སྐྱེས་སུ་སྤྲད་པའི་ཅ་དངོས་སྤུས་ལེགས་དག་ཀྱང་། གཙང་སྤྲ་དང་གཅེས་ཉར་མ་བྱས་པར་སྡོད་ཤག་ཏུ་རང་དགར་བཞག་འདུག ཁོང་གིས་ནམ་རྒྱུན་རང་ཉིད་ཀྱིས་བཀོལ་སྤྱོད་བྱེད་པའི་མཁོ་ཆས་སྐོར་ཞིག་ལས་གཞན་དག་ལ་དོ་སྣང་ཆེར་མི་བྱེད་པ་འདྲ། འོན་ཀྱང་སློབ་གྲྭའི་ཁོར་ཡུག་དང་། འཛིན་གྲྭའི་སྐབས་དག་ཏུ་གྱོན་གོས་གཙང་བཟོ་དོད་པོ་གྱོན་ནས་སྤྲོ་སྣང་ལྡན་པའི་ལས་ཞུགས་གནང་གི་ཡོད། ཕྲན་ཁོང་གི་སྡོད་ཤག་དུ་མ་སོང་བར་ཡུན་རིང་འགོར། ཁོང་སྐུ་མ་བཞུགས་པའི་ཉིན་དེར་ཐོག་དང་པོ་སྡོད་ཤག་ཏུ་འཛུལ་སྐབས་དེ་སྔ་ལས་ཀྱང་འཛར་འཛོར་ཆེ་བར་སྣང་བྱུང་། སྡོད་ཤག་གི་གཙང་སྤྲའི་གནས་བབ་ཀྱིས་དང་ཐོག་ཕྲན་རང་ཅུང་མི་བདེ་བའི་ཚོར་སྣང་ཙམ་བྱུང་། དེ་ནས་ཁོང་གི་སྐུ་ཕུང་དང་ཉེ་བའི་མཆོད་མེའི་སར་བསྡད་ནས་རང་སེམས་ལྷོད་ལ་འབབ་ཐབས་བྱས། བར་གླགས་དེར་ད་དུང་དྲུང་ན་ཡོད་སྣང་ལས་ཁོང་ང་ཚོ་དང་གཏན་བྲལ་བྱས་པའི་སྣང་བ་འཁོར་མ་ཐུབ། ཡང་ན་འཁོར་འདོད་ཀྱང་མ་སྐྱེས། དངོས་ཡོད་གནས་ཚུལ་ཞེས་པ་དེ་སྐབས་རེར་ཆེས་དང་ལེན་བྱེད་དཀའ་བའི་གནད་དོན་ཞིག་རེད་ཨང་། སྤྱི་ཚོགས་རང་བཞིན་གྱི་འཚོ་བ་སྤུས་གཙང་ཡིན་པའི་ཁོང་ཉིད་མི་སྒེར་རང་བཞིན་གྱི་འཚོ་བ་འདི་འདྲའི་འཛར་འཛོར་ཞིག་ཡིན་པ་ལ་མཚར་སྣང་སྐྱེས། མཚར་སྣང་དེས་བསྐྱེད་དེ་འཆར་སྣང་སྣ་ཚོགས་བྱུང་། ག་ལེར་ཁོང་གི་སྡོད་ཤག་འཛར་འཛོར་གྱི་རྣམ་པ་དེས་ཁོང་ཉིད་ཆེས་དྭངས་གཙང་གི་མི་ཞིག་རེད་ཨང་སྙམ་པའི་སྣང་བ་ཞིག་འཁོར། ཁོང་གི་བསམ་བློའི་མཐོ་ཚད་དང་སེམས་ཁམས་ཀྱི་འབྱོར་ཕྱུག་བདག་གིས་ཤེས། སྡོད་ལུགས་འཛར་འཛོར་དེ་རིམ་འདས་ཀྱི་འཚོ་སྟངས་ཤིག་ཏུ་ཚོར། འདི་ནི་རྣལ་འབྱོར་བ་ཞིག་གི་འཚོ་སྟངས་ལྟ་བུ་ཞིག་རེད། ཁོང་ནི་ཕྱི་རོལ་ཡུལ་གྱི་མཐུན་སྣང་གི་མཛེས་བཙོག་གི་རིམ་པ་ལ་སྣང་འཇོག་མི་བྱེད་པའི་མངོན་རྟོགས་ཁྱད་པར་བ་ཞིག་གི་ཁྲོད་བཞུགས་པ་ལྟ་བུར་ཚོར། དངོས་གནས་བསམ་ཡུལ་ལས་འདས་པ་རེད་ཨང་། ངས་འདི་ལས་ལྷག་པའི་རྒྱུ་མཚན་གཞན་མ་མཐོང་ལ་རྒྱུ་མཚན་གཞན་ཞིག་བཙལ་འདོད་ཀྱང་མ་བྱུང་། །
སྤུར་སྒྲོམ་གྱི་ནང་དུ་བཞག་པའི་ཁོང་གི་སྐུ་ཕུང་ཞུགས་འབུལ་ལ་འདྲེན་པའི་ཞོགས་པ་དེར། ང་རང་སྔ་བོ་ནས་ཁོང་གི་ཕུང་པོའི་འཁྲིས་ལ་སོང་། མཆོད་མེ་གསར་པ་ཞིག་སྦར། ༸རྒྱལ་བ་རིན་པོ་ཆེས་གསུངས་པའི་ཕུང་པོ་གསུམ་པའི་མདོ་སྒྲ་འཇུག་ཏུ་ཡོད་པ་དེ་ཁོང་གི་སྐུ་ཕུང་འཁྲིས་ནས་གྲགས་སུ་བཅུག ད་ནི་ཁོང་ཉིད་འཆི་རིམ་གྱི་གནས་གང་ཞིག་ཏུ་ཡོད་ཨང་སྙམ་པ་བྱུང་། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་དང་། ཚོར་བ་། འདུ་ཤེས། འདུ་བྱེད། རྣམ་ཤེས་བཅས་ཀྱི་ཐིམ་རིམ་རྣམས་ཡོངས་སུ་རྫོགས་ནས། བར་དོའི་སྣང་བ་སྣ་ཚོགས་འཆར་བའི་རིམ་པ་ག་འདྲ་ཞིག་ཏུ་ཡོད་དམ་སྙམ་བཞིན། བར་དོ་ཐོས་གྲོལ་སྒྲ་འཇུག་ཏུ་ཡོད་པ་ཞིག་ཁ་པར་ནས་གྲགས་སུ་བཅུག ཕུང་པོ་ཁྱིམ་ནས་མ་ཁུར་བའི་སྔ་ཐོག་དེར་ང་ཚོས་ཁ་བཏགས་འཐེན། ངས་ཁོང་གི་སྐུ་ཕུང་ལ་ཁ་བཏགས་འཐེན་དུས་ཆེས་མཐའ་མཇུག་གི་གྱེས་ཕྱག་ཡིན་པ་ཚོར། ལོ་ངོ་མང་པོར་ལས་གྲོགས་ཚད་ལྡན་དུ་གྱུར་བའི་ཕན་ཚུན་མཛའ་གཅུགས་ཀྱི་ཚོར་བའི་སྣེ་ནས། གཏན་དུ་མི་མཇལ་བའི་ཆེས་མཐའ་མའི་ལག་འཇུ་དེ་ཡིན་སྣང་ཤར། སྙིང་རྗེ་དང་སྐྱོ་ཤས་འདྲེས་མའི་ཚོར་བ་སྐྱི་བུང་བ་ཞིག་བྱུང་། ཁ་བཏགས་འཐེན་ནས་སྒོ་ཕྱིར་བུད་དུས་ཕྲན་གྱི་མཆན་རྩ་རྔུལ་ནས་སྟོད་གོས་རློན་ཡོད་པ་ཚོར། ཅི་འདྲའི་ཡིད་ཁམས་བློང་བློང་བོ་ཨང་།
ཁོང་གི་སྐུ་ཕུང་ཞུགས་འབུལ་ཟིན་རྗེས་ངས་ཁོང་གི་ཆེད་དུ་ཅི་ཞིག་བྱེད་ཐུབ་བམ་སྙམ་པའི་སྣང་བ་ཞིག་འཁོར། ཁོང་ནི་མི་ཚེ་འདིར་བརྗེད་མི་ཐུབ་པའི་མི་ཞིག་ཡིན་པ་དྲན། དེ་ནས་ཁོང་དང་འབྲེལ་ཡོད་གཞན་དག་ལའང་དྲན་སྣང་དེ་འདྲ་ཡོད་ངེས་པ་དང་། ང་ཚོ་ཚང་མའི་དྲན་པ་དེ་གསལ་ཙམ་གནས་བའི་ཆེད་དུ་ངས་ཡིག་ཕྲེང་འགའ་ཞིག་འབྲི་དགོས་པ་སེམས་ལ་འཁོར། ཁོང་ང་ཚོ་དང་གཏན་བྲལ་སོང་བ་དེ་ཡིད་སྐྱོ་བོ་དང་། སྙིང་རྗེ་བའི་གནས་ཚུལ་ཙམ་མིན། དེ་ནི་མཐོ་སློབ་འདིའི་ཤེས་ཡོན་གྱི་ཁོར་ཡུག་ནང་འཇོན་ནུས་དང་དྲང་ཚུགས་ཆེ་བའི་མི་སྣ་ཚད་ལྡན་ཞིག་བོར་སོང་བ་ཡིན། བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་རིག་གནས་སློབ་གསོའི་ལས་དོན་ལ་ཤ་ཐང་གིས་འབད་མཁན་ཚོའི་དཔུང་རོགས་ལེགས་པོ་ཞིག་བོར་སོང་བ་ཡིན། སྒེར་སེམས་ཆུང་ཞིང་དྲང་ཚུགས་ལྡན་པའི་སྤྱི་མི་ཚད་ལྡན་ཞིག་བོར་སོང་བ་ཡིན། འཛིན་སྐྱོང་དང་སློབ་ཁྲིད་གང་ལའང་འཇོན་ནུས་ལྡན་པའི་མཐོ་རིམ་སློབ་གླིང་གི་སློབ་དཔོན་ཚད་ལྡན་ཞིག་བོར་སོང་བ་ཡིན། མཛངས་ལ་བློ་འགྱུ་བའི་གངས་ཅན་བོད་ཀྱི་ཤེས་ཡོན་པ་ཚད་ལྡན་ཞིག་བོར་སོང་བ་ཡིན། ཁ་གསལ་ལ་གཏིང་མི་དཔོག་པའི་ཡུལ་དབུས་ཉི་མ་ལྷ་སའི་ཕོ་སྐྱེས་དར་མའི་དཔེ་ཚད་ཅིག་བོར་སོང་བ་ཡིན། ག་ལེར་གྲོགས་སུ་གྱུར་ན་མཛའ་རྩེ་གཏན་དུ་ཉར་བའི་གྲོགས་པོ་རྣལ་མ་ཞིག་བོར་སོང་བ་ཡིན། བོར་སོང་བ་འདི་དག་གི་ཤུལ་ན་ལྷག་ཡོད་པ་ནི། ཤེས་ཡོན་དང་སྤྱོད་བཟང་དོ་མཉམ་པའི་སྐྱེས་བུ་ཁྱད་པར་བ་ཞིག་གི་སྤྱིར་བཏང་མིན་པའི་དྲན་པ་དང་བག་ཆགས་ཟབ་མོ་དེ་དང་། ཁོང་གི་ཤེས་ཡོན་དང་འཇོན་ནུས་ལ་འོས་བབ་ཡོད་པའི་ལས་རིགས་མང་པོ་ཞིག་ཏུ་འགན་ལེན་གནང་བའི་གོ་སྐབས་མ་བྱུང་བ་དང་། མཐོང་རྒྱ་དང་རྣམ་དཔྱོད་ཉམས་མྱོང་བཅས་ལ་དཔག་པའི་བརྩམས་ཆོས་ཚད་ལྡན་གྱི་ཤུལ་བཞག་རེ་མ་བྱུང་བའི་ཕངས་སེམས་སྐྱུར་མོ་དེ་ཡིན་ནོ། །
ཟུར་བརྗོད། དྲན་ཐོ་འདི་འབྲི་བར། འདས་པོ་དམ་པ་ཁོང་གི་གྲོགས་པོ། ཚེ་རིང་དབང་འདུས། ཚེ་རིང་དོན་གྲུབ། ཚེ་རིང་བསམ་འགྲུབ། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལོ་རྒྱུས་རིག་པའི་སློབ་དཔོན་གཉན་ཐར། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་ཟུར། པ་སངས་ཚེ་རིང་། སངས་རྒྱས་དཀོན་མཆོག བཀྲ་ཤིས་སྟོབས་རྒྱལ། དཔལ་ལྡན་རྒྱལ་བཅས་ཀྱིས་འབྲེལ་ཡོད་འདྲ་པར་མཁོ་སྤྲོ་དང་དྲན་འཆར་སྐོར་ཞིག་བདག་ལ་མཉམ་སྤྱོད་གནང་སོང་བར་ཐུགས་རྗེ་ཆེ་ཞུ། །
རྒན་བཀྲ་བཟང་ལགས་ཀྱི་སྐོར་མདོར་ཙམ་གླེང་བ།
ཁྱེད་ཀྱིས་ཚེས་འདས་གང་དེའི་སྐོར་ལ་བྲིས་གནང་བ་ཕལ་ཆེར་བརྒྱ་ཆ་བརྒྱ་བདེན་པ་རེད་འདུག སྙིང་རྗེ། རྒན་ལགས་འདས་གྲོངས་སོང་ནས་བཟུང་སྟེ། ད་དུང་ཡང་ཁོང་དྲན་ཐེངས་རེར། ངའི་སེམས་སྟོང་ལྷང་ལྷང་དང་སྐྱོ་ལྷང་ལྷང་ཞིག་ཡོང་གི་འདུག ཝཱ་ར་ན་སི་མཐོ་རིམ་སློབ་གྲྭའི་སྐབས་སུ། ཞིང་ཕེབས་ཁོང་ནི་ཤེས་བྱ་ཀུན་ལ་མཁྱེན་རྒྱ་ཡངས་པ་དང་དཔེ་དེབ་ལ་དགའ་ཞིང་ཀློག་དེབ་འདྲ་མིན་མང་པོ་ཀློག་ཐུབ་མཁན་ཞིག་ཡིན། ཕོ་གསར་རང་བཞིན་གྱིས་རང་ཚུགས་བརྟན་པ་དང་། མི་འདྲིས་སླ་པོ་དེ་ཙམ་མེད་པ། གདིང་ནས་མི་དྲང་པོ་དང་མགོ་ཚོད་པོ་སེམས་བཟང་ཅན་ཞིག་ཡིན་པ་དུས་རྟག་ཏུ་ཁོ་བོས་མཐོང་གྱི་ཡོད། འདས་པོ་ཉིད་འཛམ་གླིང་འདི་ནས་ཁ་བྲལ་བ་ནས་བཟུང་སྟེ་བཙན་བྱོལ་བོད་མིའི་ནང་བོད་ཀྱི་སྐད་ཡིག་ལ་ཞབས་འདེབས་ཧ་ཅང་ཆེན་པོ་སྒྲུབ་ཐུབ་མཁན་གྱི་གང་ཟག་ཞིག་གློ་བུར་དུ་མི་མངོན་པ་གྱུར་བ་ལ་ཕངས་སེམས་ཚད་མེད་སྐྱེས་བྱུང་། མཐོ་རིམ་སློབ་གྲྭའི་དུས་ལ་ཡིག་རྒྱུགས་སླེབས་གྲབས་སྐབས་སུ་ངས་ཁོང་ལ་རེ་སྐུལ་ཞུས་པ་བཞིན་ཁོང་གིས་སློབ་ཚན་ཡང་ཡང་བསླབས་མྱོང་ཡོད་ལ། ངོས་ཀྱི་ཨ་མ་ལགས་ཀྱང་དགེ་རྒན་འོས་སྦྱོང་སྐབས་སུ་རྒན་ལགས་ཀྱི་དྲུང་ནས་སློབ་སྦྱོང་སྦྱངས་མྱོང་འདུག ཨ་མ་ལགས་ངེད་གཉིས་ཀྱིས་ཁ་ཞེ་ཅིག་ལྕོག་ལྟར། རྒན་ལགས་ཀྱིས་སློབ་ཁྲིད་གནང་སྟངས་འདིར་དགེ་རྒན་གཞན་མི་འདྲ་བ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡོད་པ་དང་། ཁ་སངས་ཞིང་སྒྲ་གདངས་སྦོམ་པ་དང་། སློབ་ཁྲིད་གནང་སྐབས་སུ་དཔེ་མཁྱུད་ཏིལ་འབྲུ་ཙམ་ཡང་མེད་པར་འདོད་ཆུང་ཆོག་ཤེས་དང་། གཞན་དོན་དང་པོར་བརྩི་འཇོག་གནང་མཁན་ཞིག་ཡིན། སྐྱེས་བུ་དམ་པ་ཁོང་ནི་ཚེ་རབས་ནས་ཚེ་རབས་བར་བདེ་འགྲོའི་གནས་སུ་སྐྱེ་བར་སྨོན་ནོ།།
ཨོཾ་མ་ཎི་པདྨེ་ཧཱུྃ