རྒྱ་ནག་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་འགན་འཛིན་ཟུར་པ་ཁྲིན་ཞེ་ཡན་གྱིས་ལྐོག་རྔན་བླངས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག
དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། རྒྱ་ནག་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ (Chinese Football Association) ཀྱི་འགན་འཛིན་ཟུར་པ་ཁྲིན་ཞེ་ཡོན་ (Chen Xuyuan) གྱིས་རྒྱ་སྒོར་ས་ཡ་ ༨༡།༠༣ གྱི་ལྐོག་རྔན་བླངས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། མི་ཚེ་གང་བོར་ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་ཡོད་འདུག
རྒྱ་ནག་གི་ཧོང་ཧྲི་ (Huangshi) འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཕྱི་ལོ་ ༢༠༡༠ ནས་ ༢༠༢༣ ལོར་བར་དུ་ཁྲིན་ཞེ་ཡན་གྱིས་ཧྲང་ཧའེ་རྒྱལ་སྤྱིའི་གྲུ་དོན་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་འདོམས་པ་དང་། ལས་འཛིན་པ། རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཟེར་བའི་འགན་འཛིན་སོགས་བྱས་ཡོད་ཅིང་། སྐབས་དེར་ཁོས་གོ་གནས་དང་དབང་ཆ་སྤྱད་དེ་ཚོགས་པ་དང་མི་སྒེར་ལ་མ་འཇོག་གཉེར་རོགས་དང་། འགྲན་སྡུར་བཀོད་སྒྲིག་སོགས་བྱས་ནས་ཁྲིམས་འགལ་ངང་རྒྱ་སྒོར་ས་ཡ་ ༨༡།༠༨ ལྷག་ཙམ་གྱི་ལྐོག་རྔན་བླངས་ཡོད་པའི་དོགས་གཞིའི་འོག་ནས་ཞིབ་བཤེར་བྱས་ཡོད་ལུགས་དང་། ཁྲན་གྱིས་ལྐོག་རྔན་བླངས་པའི་ནག་ཉེས་ངོས་ལེན་བྱས་ཡོད་ལུགས་སོགས་བསྒྲགས་འདུག
དེ་འབྲེལ་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༠ ནས་ ༢༠༡༩ བར་ཁྲིན་ཞེ་ཡན་ཧྲང་ཧའེ་རྒྱལ་སྤྱིའི་གྲུ་ཁའི་ཚོགས་པའི་ (Shanghai International Port Group) འགན་འཛིན་ཡིན་སྐབས། རྩེད་འགྲན་བཀོད་སྒྲིག་གིས་ལྐོག་རྔན་ཕོན་ཆེན་བླངས་ཡོད་འདུག་ལ། ཕྱི་ལོ་ ༢༠༡༩ ནས་ ༢༠༢༡ བར་རྒྱ་ནག་རྒྱལ་ཡོངས་རྐང་སྤོལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་སྐབས་ཁོས་རྐང་སྤོལ་རུ་ཁག་ནས་ལྐོག་རྔན་ས་ཡ་ ༡༦ བླངས་ཡོད་འདུག
ཉེ་སྔོན་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱ་ནག་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་འགན་འཛིན་ཟུར་པ་ཁྲིན་ཞེ་ཡན་གྱིས་ལྐོག་རྔན་རྒྱ་སྒོར་ཁྲི་ ༨༡༠༣ བླངས་པའི་ཉེས་མིང་འོག་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༣ ལོ་གཅིག་པུར་གཏན་འབེབས་དོན་ཚན་བརྒྱད་ཟེར་བ་དང་འགལ་བའི་ཉེས་མིང་འོག མི་གྲངས་ ༡༥༣༦༦༢ ལ་ཞིབ་བཤེར་བྱས་ཡོད་པའི་ཁྲོད། མི་གྲངས་ ༡༠༨༦༩༥ ལ་ཉེས་ཆད་བཅད་ཡོད་འདུག་ལ། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཉེས་མེད་དཔོན་རིགས་རྣམས་ལ་ནག་ཉེས་སྣ་ཚོགས་གཡོག་གིན་ཡོད་པ་མ་ཟད། སྟག་རྒན་ཞེས་པའི་མིང་ཐོག་ནས་ཞི་ཅིན་ཕིན་གྱི་བསམ་བློ་དང་མི་མཐུན་པ་རྣམས་འབུར་འཇོམས་བཏང་དང་གཏོང་གིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།