༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཧིན་དྷུ་བླ་ཆེན་སུ་ཝ་མི་སུ་མ་རཱ་ནན་ཌ་མཆོག་སྐུ་གཤེགས་པར་ཁོང་གི་དད་ལྡན་པ་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ།
ཁ་སང་ཕྱི་ཚེས་ ༢༦ ཉིན་ཧིན་དྷུའི་ཆོས་དཔོན་སུ་ཝ་མི་སུ་མ་རཱ་ནན་ཌ་ (Swami Smarananda ) མཆོག་དགུང་ལོ་ ༩༤ ཐོག་དགོངས་པ་རྫོགས་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས། རཱ་མ་ཁི་རི་ན་རྩིས་རིགས་དང་ཆོས་སྤེལ་ལྟེ་གནས་ཁང་ (Rama Krishna Math Ramakrishna Mission) གི་མཚན་ཐོག་ཏུ་ཐུགས་གསོའི་འཕྲིན་ཡིག་ཅིག་བསྩལ་ཡོད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་གསོ་གསུང་འཕྲིན་ནང་། ངོས་རང་གིས་རཱ་མ་ཁི་རི་ན་རྩིས་རིགས་དང་ཆོས་སྤེལ་ལྟེ་གནས་ཁང་གི་ལས་མི་རྣམས་དང་དམ་པ་ཁོང་གི་རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ཞུ་ཡི་ཡོད། ཆོས་ལུགས་ཀྱི་དེད་དཔོན་ཁོང་གིས་སྐུ་ཚེ་གང་བོར་གཞན་ཕན་གྱི་ལས་དོན་གཉེར་བ་ནི་ཆེས་ཡིད་དུ་འོང་བ་ཞིག་རེད། ངོས་དང་ངོས་ཀྱི་རྗེས་འབྲངས་པ་ཚང་མས་ཆོས་ཀྱི་དེད་དཔོན་ཁྱེད་ལ་གུས་འདུད་ཞུ་ཡི་ཡོད། ཅེས་གསུངས་འདུག
དེ་བཞིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། རཱ་མ་ཁི་རི་ན་རྩིས་རིགས་དང་ཆོས་སྤེལ་ལྟེ་གནས་ཁང་གི་འགན་འཛིན་དེད་དཔོན་སུ་ཝ་མི་སུ་མ་རཱ་ནན་ཌ་མཆོག་གིས་སྐུ་ཚེ་གང་བོ་ཆོས་ལུགས་དང་སྤྱི་ཚོགས་སྲི་ཞུའི་ལས་དོན་གྱི་ཆེད་དུ་ཕུལ་ཡོད་ཅིང་། ཁོང་གིས་སྐྱེས་བོ་མང་དག་ཅིག་གི་ལུས་སེམས་གཉིས་ལ་སུབ་ཐབས་བྲལ་བའི་བག་ཆགས་ཤིག་ཀྱང་བཞག་ཡོད་པ་མ་ཟད། ཁོང་གི་བྱམས་བརྩེ་དང་བློ་གྲོས་ལ་མི་རབས་མང་པོས་ཡིད་སྨོན་བྱ་ངེས་ཡིན། ཞེས་གསུངས་འདུག
ཧིན་དྷུའི་ཆོས་དཔོན་སུ་ཝ་མི་སུ་མ་རཱ་ནན་ཌ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་ཌུ་ཡི་ཨན་ཌ་མི་(Andami) ཞེས་པའི་གྲོང་ཚོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༤༢ ལོར་ཁོང་གི་ཨ་ནེས་གཉོར་སྐྱོང་འོག་རྒྱ་གར་གྱི་ཅི་ན་ཡེ་གྲོང་ཁྱེར་ནས་གཞི་རིམ་གྱི་སློབ་མཐར་ཕྱིན། ཁོང་ནི་རཱ་མ་ཁི་རི་ན་རྩིས་རིགས་དང་ཆོས་སྤེལ་ལྟེ་གནས་ཁང་གི་ཆེས་མཐོའི་སློབ་དཔོན་དང་ཤེས་ཡོན་ལྟེ་གནས་ཁང་དེའི་སྐབས་ ༡༦ པའི་འགན་འཛིན་ཡིན། འདི་ལོའི་ཟླ་ ༡ ནང་ཁོང་གི་དགུང་ལོའི་དབང་གིས་མཁལ་མ་དང་གཅིན་ལམ་སོགས་ན་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག
གསར་འགོད་པ། དོན་གྲུབ་བཀྲ་ཤིས། དཔལ་ལྡན། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།