བོད་སོག་འབྲེལ་ལམ་ཚོགས་འདུའི་ཐོག་དུས་རབས་ ༢༠ ནས་བཟུང་བོད་སོག་གཉིས་ཀྱི་འབྲེལ་ལམ་ཆད་པའི་རྒྱུ་རྐྱེན་དང་། བར་དུ་འབྲེལ་ལམ་བསྐྱར་གསོ་ཡོང་བའི་བརྒྱུད་རིམ། མ་འོངས་འཕེལ་ཕྱོགས་སྐོར་ལ་བགྲོ་གླེང་བྱེད་བཞིན་འདུག
དེ་རིང་ཕྱི་ཚེས་ ༡ དང་ ༢ ཉིན་གྲངས་གཉིས་རིང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེའི་ཆོས་ཚོགས་དང། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། རུ་སོག་དོན་གཅོད་ལས་ཁུངས་གསུམ་གྱི་གོ་སྒྲིག་འོག བོད་སོག་འབྲེལ་ལམ་ཚོགས་འདུ་འཚོག་བཞིན་འདུག་ལ། དབུ་འབྱེད་མཛད་སྒོའི་ཐོག་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། བོད་དང་སོག་པའི་གཙུག་ལག་སློབ་གཉེར་ཁག་གི་སློབ་དཔོན་དང་། དགེ་བཤེས། ཉམས་ཞིབ་པ་གྲངས་ ༡༡ དང་། དྷ་ས་ཁུལ་གྱི་བོད་སོག་གི་ཉམས་ཞིབ་པ་དང་སློབ་གཉེར་བ་བཅས་མཉམ་ཞུགས་གནང་འདུག
བོད་སོག་འབྲེལ་ལམ་ཚོགས་འདུའི་སྐོར་ལ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསར་འགོད་པར། སངས་རྒྱས་བསྟན་པ་སྤྱི་དང་། བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཀྱི་ཐོག་ནས་ཧི་མ་ལ་ཡའི་རི་རྒྱུད་དང་སོག་པོ་གཉིས་གལ་ཆེན་པོར་འཛིན་གྱི་ཡོད། སྔོན་མ་རྒྱ་ནག་གཞུང་གི་གནོན་ཤུགས་འོག་སོག་པོའི་གཞུང་གིས་བོད་གཞུང་དང་འབྲེལ་བ་བྱེད་པར་འཚེར་སྣང་བྱེད་ཀྱི་འདུག ཁལ་ཁ་རྗེ་བཙུན་དམ་པའི་ཁྲི་སྟོན་མཛད་སྒོ་སོགས་ཀྱི་ཐོག་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་ཏེ་ཡོང་ཐུབ་མེད་ཀྱང་། ཐེངས་འདིར་ཁོང་ཚོས་དཀའ་ངལ་ལ་མ་འཛེམས་པར་ཕེབས་ཡོད། ཐེངས་འདིའི་ཚོགས་བཅར་བ་རྒྱ་གར་ནང་གི་དགོན་སྡེ་དང་སློབ་གྲྭ་ཁག་གི་སློབ་གཉེར་བ་ཙམ་མིན་པར། གཞུང་འབྲེལ་ཐོག་ནས་ཐེངས་དང་པོར་ཕེབས་པ་རེད། ང་ཚོའི་ངོས་ནས་གོམ་པ་ཡག་པོ་མདུན་དུ་སྤོས་བའི་གལ་ཆེན་པོ་རྩི་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་སོང་།
བོད་སོག་ལོ་རྒྱུས་ཀྱི་འབྲེལ་ལམ་སྐོར་ལ་ཁོང་གིས། ལོ་རྒྱུས་ཐོག་བོད་སོག་གཉིས་ཕན་ཚུན་སྐྱིད་སྡུག་མཉམ་མྱོང་བྱས་བསྡད་ཡོད། ལོ་རྒྱུས་ཐོག་མི་རིགས་འདྲ་མིན་དང་། ཆོས་ལུགས་འདྲ་མིན་ཁག་གིས་ཕན་ཚུན་དབང་བསྒྱུར་བྱས་ཡོད། འོན་ཀྱང་། བོད་དང་སོག་པོ་གཉིས་ཀྱིས་དེ་འདྲ་བྱས་མི་འདུག བོད་ཀྱིས་བཙན་པོའི་རྒྱལ་རབས་ནས་བཟུང་ནང་ཆོས་བདམས་པ་བཞིན། སོག་པོའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་ཚོས་འཛམ་གླིང་གི་ཆོས་ལུགས་ཚང་མའི་ནང་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱས་ཏེ་བདམས་པ་རེད། བོད་བརྒྱུད་ནང་བསྟན་ནི་བོད་སོག་མི་རིགས་གཉིས་ཀྱིས་རང་མོས་ཀྱིས་བདམས་ཐོན་བྱུང་བའི་ཆོས་ལུགས་ཡིན་དུས། འདས་པའི་ལོ་རྒྱུས་ཐོག་བོད་སོག་གཉིས་ལ་ཕན་ཐོགས་བྱུང་ཡོད་པ་མ་ཟད། མ་འོངས་པའི་མི་རིགས་གཉིས་ཀྱི་འཚོ་གནས་ལ་ཕན་བསྡད་པ་ཞིག་ཆགས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།
ཚོགས་འདུའི་གལ་གནད་སྐོར་ལ་ཁོང་གིས། ང་ཚོས་རེ་བར་བོད་སོག་གཉིས་ཀྱི་འབྲེལ་ལམ་མུ་མཐུད་རྒྱུན་གནས་ཐུབ་རྒྱུ་དེ་ཡིན། སྔོན་མ་མན་ཇུའི་བཙན་དབང་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ཐེངས་དང་པོ་བོད་རང་བཙན་གསལ་བསྒྲགས་བྱེད་ཆེད་སོག་པོ་དང་མཉམ་དུ་ཕན་ཚུན་རང་བཙན་ཡིན་པའི་ཆིངས་ཡིག་བཞག་པ་རེད། དངོས་གནས་གནད་འགག་ལ་ཐུག་དུས་ཕན་ཚུན་རོགས་རམ་བྱས་ཏེ། མ་འོངས་པར་ཆབ་སྲིད་དང་ཆོས་ལུགས་ཐོག་ནས་ཕན་ཚུན་ལ་ནུས་པ་མཉམ་སྤུངས་བྱ་རྒྱུ་གལ་ཆེན་པོར་འཛིན་གྱི་ཡོད། ཅེས་འགྲེལ་བརྗོད་གནང་སོང་།
ཐེངས་འདིའི་ཚོགས་འདུའི་གལ་གནད་སྐོར་ལ་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་འདི་གའི་གསར་འགོད་པར། སྔོན་མ་ནས་ངས་བོད་སོག་གི་འབྲེལ་ལམ་གལ་ཆེན་པོ་ཡིན་པ་ཞུས་བསྡད་ཀྱི་ཡོད། དེ་ང་སོག་རིགས་ཤིག་ཡིིན་པའི་ཐོག་ནས་ཞུ་བཞིན་མེད། བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་དབང་སྐུ་ཕྲེང་ལྔ་བ་ནས་བཟུང་བོད་དང་སོག་པོའི་བར་དམག་འཁྲུག་དང་། ཆབ་སྲིད། ཆོས་ཕྱོགས་སོགས་ཀྱི་ཐོག་ནས་འབྲེལ་ལམ་བྱུང་ཡོད་ཅིང་། ཕྱི་ལོ་ ༡༩༡༥ ནས་བཟུང་བོད་སོག་གི་འབྲེལ་ལམ་དེ་ཆབ་སྲིད་ཀྱི་རྐྱེན་གྱིས་བར་ལམ་ཉམས་ཆག་ཕྱིན་པ་རེད། དུས་རབས་ཉི་ཤུ་བའི་མཇུག་ཏུ་འབྲེལ་ལམ་སླར་གསོ་བྱུང་ཡོད་ཀྱང་། ད་དུང་ཕན་ཚུན་གྱི་འབྲེལ་ལམ་ཟབ་ཏུ་འགྲོ་ཐུབ་ཀྱི་མེད་པའི་བར་སྟོང་ཆེན་པོ་ཞིག་ཆགས་ཀྱི་ཡོད་པས། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་དུས་རབས་ཉི་ཤུའི་ནང་བོད་སོག་གི་འབྲེལ་ལམ་ཆད་པའི་རྒྱུ་རྐྱེན་དང་། འབྲེལ་ལམ་བསྐྱར་གསོ་ཐབས། མ་འོངས་བར་ལས་གཞི་སྤེལ་ཕྱོགས་སྐོར་གྱི་བགྲོ་གླེང་བྱ་རྒྱུ་ཡིན། ད་ལན་བོད་སོག་གི་ཚོགས་འདུ་ཐེངས་དང་པོ་ཆགས་ཡོད་ཀྱང་། མ་འོངས་བར་མུ་མཐུད་དུ་ཚོགས་འདུ་འཚོག་ཐུབ་པའི་རེ་བ་རྒྱག་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
དེ་རིང་ཚོགས་འདུའི་ཐོག་ཕྱི་ལོ་ ༡༩༠༠ ནས་ཕྱི་ལོ ༡༩༡༣ བར་མན་ཆིན་གཞུང་གིས་བོད་སོག་གཉིས་ལ་བཙན་དབང་བྱས་པའི་སྐོར་དང་། ཕྱི་ལོ་ ༡༩༡༡ ལོར་ཁལ་ཁ་རྗེ་བཙུན་དམ་པས་སོག་པོའི་རང་བཙན་གསལ་བསྒྲགས་བྱས་པའི་སྐོར། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བོད་རང་བཙན་ཀྱི་ཆབ་སྲིད་གསལ་སྟོན་དང་། ཆུ་གླང་རྩ་ཚིག་གི་གལ་གནད་སྐོར། སེ་ར་དགོན་པའི་སོག་པོའི་དགེ་བཤེས་གྲྭ་པ་རྣམས་ཀྱི་ལོ་རྒྱུས། འབྲས་སྤུངས་དགོན་པའི་སོག་པོའི་དགེ་འདུན་པའི་སྐོར་སོགས་ལ་བགྲོ་གླེང་གནང་བཞིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་པ། པདྨ་མཚོ།