དེ་རིང་བགྲོ་གླེང་གི་ཉིན་གཉིས་པའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཚན་རིག་པ་རྣམས་ལ་འཛམ་གླིང་ཞི་བདེ་གང་འདྲ་ཡོང་གི་ཡོད་རེད་ཅེས་བཀའ་འདྲི་གནང་སོང་།
ཉིན་གཉིས་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་ཧར་ཝར་ཌི་ཀེ་ནི་ཌི་གཙུག་ལག་སློབ་ཆེན་གྱི་མགོ་ཁྲིད་དང་བདེ་སྐྱིད་སྦྱོང་བརྡར་ཁང་གི་མཁས་དབང་ཁག་ཅིག་དང་ལྷན་དུ་ཐུན་མོང་གི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་སྐོར་གྱི་བགྲོ་གླེང་མཛད་བཞིན་ཡོད་པ་ལྟར། དེ་རིང་བགྲོ་གླེང་ཉིན་གཉིས་པའི་ཐོག་༧མགོན་པོ་གང་ཉིད་ཀྱིས། ཨ་མའི་བརྩེ་བ་དེ་ཆོས་དང་འབྲེལ་བ་གང་ཡང་མེད། དཔེར་ན་ང་རང་ཚོ་ཁྱི་དང་དུད་འགྲོ་ཚོར་བལྟས་པ་ཡིན་ནའང་མའི་བརྩེ་བ་དེ་ཆོས་དང་འབྲེལ་བ་གང་ཡང་མེད་པ་རེད། བརྩེ་བ་ཟེར་བ་དེ་ཆོས་དང་འབྲེལ་ནས་ཡོང་དུས། བརྩེ་བ་དེ་མ་ཡིས་བྱམས་པོ་བྱེད་པའི་བརྩེ་བ་ཙམ་མིན་པར་སེམས་ཅན་གཞན་ཚོ་ལའང་བརྩེ་བ་བྱས་པ་དེ་ཡག་པོ་འདུག མདོ་དོན་སྙིང་པོ་འཛམ་གླིང་འདིའི་སྒང་ལ་བརྩེ་བ་ཟེར་བ་དེ་གལ་ཆེན་པོ་ཞེ་དྲགས་རེད། དེར་བརྟེན་ང་ཚོའི་བརྩེ་བ་དང་པོ་དེ་མིག་ལྟོས་ཨ་མའི་འགྲམ་ནས་བསླེབས་པ་རེད། ངོས་རང་གིས་ད་ལྟ་ཆོས་ཞེ་དྲགས་བཤད་ཀྱི་མེད་གདའ། ངོས་རང་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ (secular) བཤད་ཀྱི་ཡོད་མ་གཏོགས་ཆོས་ཀྱི་སྐད་ཆ་བཤད་ཀྱི་མེད། ཅེས་གསུངས།
ཡང་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས། ང་ཚོ་ཆུང་ཆུང་སྐབས་དང་། ཨ་མའི་འོ་མ་འཐུང་བའི་སྐབས་ཆོས་ཀྱི་སྐད་ཆ་གང་ཡང་མེད་པ་རེད། མའི་འོ་མས་འཚོ་རྒྱུ་ཟེར་བ་དེ་དུད་འགྲོ་ཚོ་ལའང་གཅིག་པ་རེད། ཆོས་ཀྱི་སྐད་ཆ་གང་ཡང་མི་འདུག ཆོས་ལུགས་ཀྱི་ཐོག་ནས་མའི་བརྩེ་བ་བཤད་པ་དེ་ཡག་པོ་ཞེ་དྲགས་འདུག པུ་གུས་མའི་བརྩེ་བ་ལ་དགའ་པོ་བྱེད་པ་དེ་རང་བཞིན་ལྷན་སྐྱེས་ཡོད་པའི་ཐོག དཔེར་ན་ངོས་རང་ལ་ཆ་བཞག་ན། ནང་པ་ཞིག་རེད། མ་ཞེན་ཤུགས་ཆེན་པོ་ཞེ་དྲགས་རེད་འདུག འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ཀྱི་ཐོག་ནས་ནུས་པ་ཆེན་པོ་འདུག ནང་པས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། དེ་འདྲའི་ཐོག་ནས་བསམ་བློ་བཏང་ནའང་བབ་ས་གཅིག་པ་རེད་འདུག ཅེས་གསུངས་སོང་།
དེ་ནས་སློབ་དཔོན་ཨར་ཐར་ལགས་ཀྱིས། དེ་རིང་འདིར་ཚན་རིག་པ་མང་པོ་ཞིག་ཡོད་པ་རེད། ཚན་རིག་དང་ཆོས་ལུགས་གཉིས་མཉམ་གནས་གང་འདྲ་ཐུབ་ཀྱི་ཡོད་སྐོར་དྲིས་པར། ༧མགོན་པོ་གང་ཉིད་ཀྱིས། ཚན་རིག་ལབ་དུས་ཟུར་བཀོལ་མ་རེད། ཚན་རིག་ལབ་དུས་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་འགྲོ་སྡོད་མཁན་ཞིག་རེད། ང་ཚོ་མི་ལ་རྣམ་དཔྱོད་བརྒྱུད་དཔྱད་པ་བྱ་རྒྱུ་ཡོད། དུད་འགྲོ་ཚོ་ཚན་རིག་ (science) འབྲེལ་བ་གང་ཡང་མི་འདུག མི་ལ་དཔྱད་པ་བྱ་རྒྱུའི་བསམ་བློ་ཡོད་པར་བརྟེན་ཚན་རིག་དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག གང་ལྟར་མིའི་ཀླད་པ་དེ་རེད་འདུག ཀླད་པ་ཆེ་ཆུང་གི་སྐད་ཆ་མ་རེད། སེམས་ཅན་ཁ་ཤས་ལ་ཀླད་པ་ཆེན་པོ་ཞེ་དྲགས་ཡོད་རེད། ང་ཚོ་མི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཀླད་པ་དམིགས་བསལ་ཞིག་འདུག མིང་ག་རེ་བཏགས་ཡོད་མེད་ལ་མ་ལྟོས་པར་མི་ལ་དཔྱད་པ་བྱ་རྒྱུའི་ནུས་པ་ཞིག་འདུག ཚན་རིག་ལབ་དུས་དངོས་ཡོད་གནས་ཚུལ་དཔྱད་པ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་མིའི་བསམ་བློའི་ནང་ལའང་དཔྱད་པ་བྱ་རྒྱུའི་ནུས་པ་ཞིག་ཡོད་པ་ཡིན་དུས། འགལ་བ་གང་ཡང་མི་འདུག ཅེས་བཀའ་ལན་བསྩལ།
སློབ་དཔོན་ཨར་ཐར་ལགས་ཀྱིས་ཚན་རིག་དང་ཆོས་ལུགས་གཉིས་ཀྱིས་དངོས་ཡོད་གནས་ཚུལ་ལ་གཅིག་མཚུངས་ཀྱི་གྲུབ་དོན་བཏོན་ཐུབ་ཀྱི་ཡོད་མེད་དྲིས་པར། དེའི་བཀའ་ལན་དུ་༧གོང་ས་མཆོག་ནས། བློ་གཟུ་བོར་གནས་པའི་ཐོག་ནས་ཡུན་རིང་པོ་དཔྱད་པ་བྱེད་ན། མཉམ་དུ་ཕལ་ཆེར་འགྲོ་ཡི་རེད། ཆོས་ཕྱོགས་ཀྱི་ཐོག་ནས་ཀྱང་དངོས་ཡོད་གནས་ཚུལ་ལ་བསམ་བློ་ཞེ་དྲགས་མ་བཏང་བར་རྨོངས་དད་ལ་འགྲོ་སྡོད་མཁན་ཞིག་ཡོང་གི་རེད། དེ་དང་ཚན་རིག་མཉམ་དུ་འགྲོ་ཡི་མི་འདུག ང་ཚོ་ཚན་རིག་ལ་ཆ་བཞག་ནའང་། བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་པ་བྱ་རྒྱུའི་སྒང་ལ་ཕྱིན་པ་ཡིན་ན། ཕལ་ཆེར་བརྩེ་བ་ཟེར་བ་དེ་ཚན་རིག་གི་ཐོག་ནས་འབྲེལ་བ་འདུག ཀླད་པ་ཆེ་ཆུང་གི་ཐོག་ནས་དཔྱད་པ་བྱ་རྒྱུའི་ནུས་པ་ཆེ་ཆུང་བཤད་ཐུབ་རྒྱུ་ཁག་པོ་རེད་འདུག དཔེར་ན་དུད་འགྲོ་ཁ་ཤས་ཀྱི་ཀླད་པ་ཆེན་པོ་ཡོད་རེད། འོན་ཀྱང་དཔྱད་པ་བྱ་རྒྱུ་ཁག་པོ་རེད་འདུག ཅེས་གསུངས་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།