ཐའེ་ལན་ཌི་དང་སིངྒ་ལ་སོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་གར་གྱི་མི་སེར་རྣམས་ལ་ཐོངས་མཆན་རིན་མེད་ཐོག་འགྲིམ་འགྲུལ་བྱེད་ཆོག་པ་བཟོས་འདུག
ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དཔལ་འབྱོར་གྱོང་གུད་ཚབས་ཆེན་ཐེབས་ཡོད་པར་བརྟེན། རྒྱལ་ཁབ་སོ་སོའི་དཔལ་འབྱོར་གུན་གསབ་དང་འཕེལ་རྒྱས་གཏོང་སླད་འཛམ་གླིང་གི་མི་འབོར་ཆེ་ཤོས་ཨང་དང་པོར་གྱུར་བའི་རྒྱ་གར་ལྟ་བུར་ཐའེ་ལན་ཌི་དང་། མ་ལེ་ཤི་ཡ། ཨི་རན། བལ་ཡུལ། ཧྥི་ཇི་ (Fiji) སོགས་རྒྱལ་ཁབ་ཁག་ཅིག་གིས་དུས་བཅད་ནང་ཐོངས་མཆན་རིན་མེད་བཟོས་པ་སོགས་ཀྱི་ཐབས་ལམ་ལག་བསྟར་བྱས་ཏེ་གྲུབ་འབྲས་གང་ཙམ་འཐོན་བཞིན་ཡོད་འདུག
ཁ་སང་ཕྱི་ཚེས་ ༦ ཉིན་མལ་ཌིབ་སི་ (Maldives) ཡི་འགྲིམ་འགྲུལ་བློན་ཆེན་ཨིབ་ར་ཧིམ་ (Ibrahim Faisal) ལགས་ཀྱིས། ཉེ་ལམ་རྒྱ་གར་དང་མལ་ཌིབ་སི་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ། ཡུལ་དེའི་ནང་རྒྱ་གར་གྱི་ཡུལ་སྐོར་བ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པར་བརྟེན། དཔལ་འབྱོར་ཡར་རྒྱས་གཏོང་སླད་རྒྱ་གར་གྱི་ཡུལ་སྐོར་བ་གང་མང་ཡོང་རྒྱུའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག འདི་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་ (X) སྤྱི་ཚོགས་དྲ་ལམ་སྟེང་། ཁོང་ཉིད་མལ་ཌིབ་སིའི་ལག་ཤ་དྷིབ་ (Lakshadweep) གླིང་ཕྲན་དུ་ཕྱིན་པའི་པར་རིས་དང་བརྙན་སོགས་སྤེལ་ནས་ཁྱབ་སྤེལ་ཆེན་པོ་འགྲོ་མཚམས། མལ་ཌིབ་སིའི་བློན་ཆེན་གསུམ་གྱིས་སྲིད་བློན་མོ་དྷི་མཆོག་དྲག་སྤྱོད་པ་ཡིན་ལུགས་སོགས་བརྗོད་དེ་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན། མལ་ཌིབ་སི་གཞུང་གིས་བློན་ཆེན་གསུམ་པོ་ཕྱིར་ཕུད་བཏང་ཡོད་འདུག་ལ། རྒྱ་གར་གྱི་མི་སེར་རྣམས་ཀྱིས་ཀྱང་ཡུལ་དེར་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་འོང་བྱེད་མཚམས་བཞག་ཡོད་པའི་གནས་ཚུལ་ཐོན་འདུག
འདི་ལོའི་ཕྱི་ཟླ་ ༢ ཚེས་ ༤ ནས་ཨི་རན་གྱིས་རྒྱལ་ཁབ་དེའི་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་ཆེད། རྒྱ་གར་གྱི་མི་སེར་རྣམས་ལ་ཐོངས་མཆན་རིན་མེད་ཐོག་ཉིན་གྲངས་ ༡༥ རིང་ཡུལ་དེའི་ནང་སྤྲོ་འཆམ་དུ་ཡོང་ཆོག་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་འདུག
དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ནས་བཟུང་མ་ལེ་ཤི་ཡས་རྒྱ་གར་དང་རྒྱ་ནག་གི་མི་སེར་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ཐོངས་མཆན་རིན་མེད་བཟོས་ཏེ་ཉིན་གྲངས་ ༣༠ རིང་ཡུལ་དེའི་ནང་འགྲོ་འོང་བྱེད་ཆོག་གི་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་ལྟར། ད་ལྟ་བར་དུ་རྒྱ་གར་བ་ ༢༨༣,༨༨༥ ཡས་མས་ཡུལ་དེའི་ནང་ཡུལ་སྐོར་དུ་ཕྱིན་ཡོད་འདུག
ཀེ་ནི་ཡ་ (Kenya) རྒྱལ་ཁབ་ཀྱིས་འདི་ལོའི་ཕྱི་ཟླ་ ༡ ནས་བཟུང་རྒྱ་གར་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་ཡུལ་སྐོར་བ་རྣམས་ལ་ཐོངས་མཆན་རིན་མེད་བཟོས་ཏེ་སྤྲོ་འཆམ་དུ་ཡོང་བར་དགའ་བསུ་གནང་ཡོད་པ་རེད།
ཐའེ་ལན་ཌི་གཞུང་གིས་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༠ ནས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༠ བར་རྒྱ་གར་གྱི་མི་སེར་ཡུལ་སྐོར་བ་རྣམས་ལ་ཐོངས་མཆན་རིན་མེད་བཟོས་ཡོད་པ་མ་ཟད། ཉིན་གྲངས་ ༣༠ རིང་ཡུལ་སྐོར་བ་རྣམས་གང་འདོད་དུ་ཡུལ་དེའི་ནང་གནས་སྡོད་ཆོག་པ་བཟོས་ཡོད་པ་ལྟར། འདས་ལོར་རྒྱ་གར་གྱི་ཡུལ་སྐོར་བ་ས་ཡ་ ༡ ལྷག་ཐོངས་མཆན་རིན་མེད་ཐོག་རྒྱལ་ཁབ་དེའི་ནང་ཕྱིན་ཡོད་འདུག ལོ་རེའི་ཡོང་འབབ་ཆེ་ཤོས་ཡུལ་སྐོར་སྤྲོ་འཆམ་ནས་ཐོན་གྱི་ཡོད་པའི་ཐའེ་ཝན་ཌི་ལྟ་བུར་མཚོན་ན། རྒྱ་གར་ནི་ཡུལ་དེའི་ཡུལ་སྐོར་བ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་འདུག
འདི་ལོར་ཝི་ཐི་ནམ་ (Vietnam) གྱིས་རྒྱ་གར་དང་རྒྱ་ནག་གི་མི་སེར་རྣམས་ལ་ཐོངས་མཆན་རིན་མེད་ཐོག་ཡུལ་དེའི་ནང་ཉིན་གྲངས་ ༩༠ རིང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་ཆོག་པ་བཟོས་ཏེ། ད་བར་མི་གྲངས་འབུམ་ ༣ ལྷག་ཐོངས་མཆན་རིན་མེད་ཐོག་རྒྱལ་ཁབ་དེའི་ནང་ཕྱིན་འདུག
སིངྒ་ལའི་གཞུང་གིས་འདས་ལོའི་ཕྱི་ཟླ་ ༡༠ ནས་བཟུང་ལོ་ཕྱེད་རིང་རྒྱ་གར་དང་། རྒྱ་ནག ཉི་ཧོང་། ཨུ་རུ་སུ། ཐའེ་ལན་ཌི། ཨིན་ཌོ་ནེ་ཤི་ཡ་བཅས་ལ་ཉིན་གྲངས་ ༣༠ རིང་ཐོངས་མཆན་རིན་མེད་བཟོས་ཏེ་ཡུལ་སྐོར་བ་ས་ཡ་ ༡།༤ རྒྱལ་ཁབ་དེའི་ནང་ཕྱིན་པ་སོགས་གང་ལེགས་ཐོན་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༧ ནས་བཟུང་བསྐྱར་དུ་ལོ་གཅིག་རིང་ཐོངས་མཆན་རིན་མེད་བཟོས་ཡོད་འདུག
ཕྱི་ལོ་ ༢༠༢༠ ནས་ ༢༠༢༢ བར་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་འཛམ་གླིང་ཡུལ་ལུང་གང་སར་ནད་མནར་གྱི་གནོད་འཚེ་བསམ་ཡུལ་འདས་པ་བྱུང་ཡོད་པ་མ་ཟད། དཔལ་འབྱོར་དང་ཤེས་ཡོན། ཆབ་སྲིད་སོགས་ཀྱི་ཐོག་ནས་ཀྱང་གྱོང་གུད་དང་འཐུས་ཤོར་ཆེན་པོ་ཕྱིན་ཡོད་སྟབས། འཛམ་གླིང་གི་མི་འབོད་མང་ཤོས་ཨང་དང་པོ་རྒྱ་གར་དང་ཨང་གཉིས་པ་རྒྱ་ནག་ལ་ཐོངས་མཆན་རིན་མེད་ཐོག་ཡུལ་སྐོར་བ་སྣེ་ལེན་བྱེད་པར་ཤུགས་སྣོན་རྒྱག་བཞིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།