སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་རན་རི་ཇི་ཇུ་ལགས་ལ་འཚམས་འདྲིའི་གསུང་འཕྲིན་གནང་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་རན་རི་ཇི་ཇུ་ (Kiren Rijiju) ལགས་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ཀྱི་གནད་དོན་དང་འབྲེལ་བའི་ལས་ཁུངས་དང་། གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་ལས་ཁུངས་གཉིས་ཀྱི་བློན་ཆེན་དུ་བསྐོ་བཞག་གནང་བར་འཚམས་འདྲི་གནང་ཡོད་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འཕྲིན་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཞབས་ཀི་རན་རི་ཇི་ཇུ་ལགས་ལ་འཚམས་འདྲི་ཞུ་རྒྱུ་དང་། ཁྱེད་རང་གལ་གནད་ཆེ་བའི་གོ་གནས་དེ་ལ་བསྐོ་བཞག་གནང་བ་ནི་ལོ་ངོ་བཅུ་ཕྲག་གཉིས་རིང་ཁྱེད་ཀྱི་དམིགས་བསལ་གྱིས་སྣེ་ཁྲིད་དང་། གཡོ་བ་མེད་པའི་ཞབས་ཞུ། ཆབ་སྲིད་ཀྱི་གོ་རྟོགས་་སོགས་ལ་བརྟེན་ནས་ཆེ་མཐོང་ལྡན་པའི་གོ་གནས་དེ་ཐོབ་པ་རེད། ཁྱེད་རང་གིས་ལས་གནས་གསར་པ་ཁུར་བའི་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་དང་། བོད་མི་རྣམས་དང་ལྷན་དུ་རྒྱུན་རིང་མཛའ་བརྩེའི་འབྲེལ་བ་བཟུང་བར་སྙིང་ཁོངས་རུས་པའི་གཏིང་ནས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཁྱེད་ཀྱིས་བོད་དོན་སྐོར་ལ་དོན་སྙིང་ལྡན་པའི་ཞུ་གཏུག་དང་རྒྱབ་སྐྱོར་གནང་བ་དེས། ང་ཚོའི་སྤྱི་ཚོགས་ཀྱི་བདེ་ཐབས་ལ་ཕན་པའི་སྲིད་ཇུས་བཟོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། ཁྱེད་རང་གི་རྒྱབ་སྐྱོར་ལ་བརྟེན་ནས་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་ཇུས་ལྟ་བུ་གཏན་འབེབས་གནང་སྟེ། བོད་མི་བཙན་བྱོལ་བ་རྣམས་ལ་རོགས་སྐྱོར་དང་འཚོ་རྟེན་མཁོ་སྤྲོད་བྱེད་པར་ཕན་ཐོགས་བྱུང་ཡོད། ཅེས་གསུངས།
ཡང་སྲིད་སྐྱོང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་། ན་ལེནྜའི་ཆོས་བརྒྱུད་ལ་ཐུགས་མོས་ཆེན་པོ་གནང་མཁན་ཞིག་ཡིན་ཞིང་། ༧མགོན་པོ་གང་ཉིད་ཀྱིས་འགྲོ་བ་མིའི་རིགས་ལ་ཕན་བདེ་སྒྲུབ་ཕྱིར་གནའ་བོའི་རྒྱ་གར་གྱི་རིག་གཞུང་སླར་གསོ་གནང་རྒྱུར་དགོངས་བཞེས་གནང་གི་ཡོད་པ་རེད། རྒྱ་གར་དབུས་དང་མངའ་སྡེའི་གཞུང་གིས་ང་ཚོའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། དུས་རྟག་ཏུ་ཁྱེད་རང་གིས་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་རེ་བ་དང་སྙིང་སྟོབས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན། ཞེས་གསུངས་འདུག
ཀི་རན་རི་ཇི་ཇུ་ལགས་ནི་ཕྱི་ལོ་ ༡༩༧༡ ཟླ་ ༡༡ ཚེས་ ༡༩ ཉིན་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་རུ་སྐྱེས་ཤིང་། ལྡི་ལི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པའི་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༩༨ ལོར་ཁྲིམས་ཡིག་གི་ཐོག་ལ་སློབ་སྦྱོང་བྱས། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་ཕྱག་ལས་གནང་བ་དང་། གཞོན་སྐྱེས་དང་རྩེད་རིགས་ཀྱི་བློན་ཆེན་གྱི་ཕྱག་ལས་གནང་མྱོང་ལ། ཁྲིམས་ལུགས་དང་དྲང་བདེན་གྱི་བློན་ཆེན་གྱི་ཕྱག་ལས་གནང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ཀྱི་གནད་དོན་དང་འབྲེལ་བའི་ལས་ཁུངས་དང་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་ལས་ཁུངས་གཉིས་ཀྱི་བློན་ཆེན་དུ་བསྐོ་བཞག་གནང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།