བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌི་རུ་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་སྟེ་མི་གྲངས་ ༡༨ རྐྱེན་འདས་སུ་གྱུར་འདུག
དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ །༡༡ ཙམ་ལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་སྤོག་རར་བསྐྱོད་པའི་སཱུར་ཡ་གནམ་གྲུ་(Saurya Aircraft) ཊི་རི་བྷུ་ཝན་རྒྱལ་སྤྱིའི་གནམ་ཐང་(Tribhuvan International Airport in Kathmandu) གི་འབབ་ཐང་ནས་དྲུད་བརྡར་ཤོར་ཏེ་བརྡབ་སྐྱོན་བྱུང་ཡོད་ཅིང་། ཐེངས་འདིའི་གནམ་གྲུ་བརྡབ་སྐྱོན་ནང་མི་གྲངས་ ༡༨ རྐྱེན་འདས་སུ་གྱུར་ཡོད་པའི་ཁྲོད། བྱིས་པ་གཅིག་དང་ཡེ་མན་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་གཅིག་ཀྱང་ཚུད་ཡོད་འདུག་ལ། གནམ་གྲུའི་ཁ་ལོ་བ་ཀ་ཐ་མན་ཌུའི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་མུས་ཡིན་འདུག
ཀ་ཐ་མན་ཌུའི་གནམ་ཐང་བདེ་སྲུང་སྤྱི་ཁྱབ་ཨར་ཇུན་ཅན་ཌི་ཐ་ཀུ་རི་(Arjun Chand Thakuri )ལགས་ཀྱིས། སཱུར་ཡ་གནམ་གྲུ་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་སྤོག་ར་གྲོང་ཁྱེར་བར་བསྐྱོད་བཞིན་པའི་གནམ་གྲུ་ཞིག་ཡིན་པ་དང་། ཐེངས་འདིའི་འགྲུལ་བསྐྱོད་ཁྲོད་དུ་གནམ་གྲུའི་ཁ་ལོ་བ་མི་གྲངས་ ༢ དང་། གནམ་ཐང་གི་ལས་བཟོ་བ་མི་གྲངས་ ༡༧ བཅས་ཁྱོན་མི་གྲངས་ ༡༩ ཡོད། གནམ་གྲུ་གནམ་ཐང་ནས་དྲུད་བརྡར་ཤོར་ཡོད་པ་མ་ཟད། གནམ་ཐང་གི་ཤར་ཕྱོགས་སུ་བརྡབ་སྐྱོན་བྱུང་སྟེ་མེ་ཤོར་ཡོད། ཐེངས་འདིའི་གནམ་གྲུ་བརྡབ་སྐྱོན་ཁྲོད་ཁ་ལོ་བ་གཅིག་པོ་སྲོག་ཉེན་ལས་ཐར་སྟེ། ད་ལྟར་ཀ་ཐ་མན་ཌུའི་མཐོ་སློབ་ཀྱི་སྨན་ཁང་དུ་མྱུར་སྐྱོབ་བྱེད་མུས་ཡིན། ཞེས་བརྗོད་ཡོད་འདུག
ཆེད་མཁས་པ་རྣམས་ཀྱིས་བལ་ཡུལ་དུ་གནམ་གཤིས་ཡག་པོ་མེད་པའི་ཁར། མཁའ་ལམ་ནས་རྒྱང་དུ་ཡག་པོ་མི་མཐོང་བ་དང་རི་རྒྱུད་མང་པོ་ཞིག་ཡོད་སྟབས། བལ་ཡུལ་གྱི་མཁའ་ལམ་ནི་ཡོངས་གྲགས་ཐོག་ཆེས་ཉེན་ཚབས་ཆེ་ཤོས་ཀྱི་ས་ཚིགས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་སྐོར་བརྗོད་ཡོད་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་སྤོག་རར་བསྐྱོད་པའི་ཡེ་ཊི་མཁའ་ལམ་(Yeti Airlines) འགྲིམ་འགྲུལ་ཁང་གི་ (ATR-72) རྟགས་ཅན་གྱི་གནམ་གྲུ་ཞིག་སྤོག་རའི་གནམ་ཐང་གི་མཁའ་ལམ་ནས་མར་བབ་སྐབས། གནམ་གཤིས་ཡག་པོ་མེད་པ་སོགས་ཀྱི་དབང་གིས། གནམ་གྲུ་བརྡབ་སྐྱོན་བྱུང་ནས་མི་གྲངས་ ༦༨ རྐྱེན་འདས་སུ་གྱུར་ཡོད་འདུག
ཡེ་ཊི་མཁའ་ལམ་འགྲིམ་འགྲུལ་ཁང་གི་ (ATR-72) རྟགས་ཅན་གྱི་གནམ་གྲུའི་ནང་དུ་མཁའ་ལམ་ཞབས་ཞུ་བ་མི་གྲངས་ ༤ ཚུད་པའི་འགྲིམ་འགྲུལ་བ་ ༦༨ ཡོད་པའི་ཁྲོད། སྐྱེས་པ་གྲངས་ ༣༧ དང་བུད་མེད་ ༢༥ བྱིས་པ་དམར་རྗེན་ ༣ ཚུད་པའི་ཕྲུ་གུ་ ༦ ཡོད་འདུག་ལ། དེའི་ནང་བལ་པོ་བ་གྲངས་ ༥༣ དང་། རྒྱ་གར་བ་ ༥། ཨུ་རུ་སུ་ནས་མི་གྲངས ༤། ཀོ་རི་ཡ་ ༢། དེ་བཞིན་ཨོ་གླིང་དང་། ཨར་ཇེན་ཊི་ན། ཧྥ་རན་སི། ཨའེ་ལེན་ཌི་བཅས་ནས་མི་གྲངས་གཅིག་རེ་ཡོད་འདུག
ཕྱི་ལོ་ ༡༩༤༩ ལོར་བལ་ཡུལ་ནང་ཐེངས་དང་པོར་གནམ་གྲུ་འཕུར་སྐྱོད་བྱེད་མགོ་བརྩམས་པ་ནས་བཟུང་ད་བར་གནམ་གྲུའི་བརྡབ་སྐྱོན་ཐེངས་ ༤༢ ལྷག་བྱུང་ཡོད་ཅིང་། ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་བལ་ཡུལ་རྒྱལ་ཁབ་ནི་གནམ་གྲུའི་མཐུན་རྐྱེན་ལེགས་པོ་མེད་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ ནང་བྱུང་བའི་གནམ་གྲུ་བརྡབ་སྐྱོན་དེ་ནི་བལ་ཡུལ་ནང་གི་ལོ་ངོ་ ༣༠ རིང་གི་དོན་རྐྱེན་ཆེས་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱིན་འདུག་ལ། ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་ཏུ་བྱུང་བའི་མཁའ་ལམ་དོན་རྐྱེན་ཆེ་ཤོས་གཉིས་པ་དེ་ཡིན་འདུག ཕྱི་ལོ་ ༡༩༩༢ ལོར་པ་ཀི་སི་ཐན་དུ་གནམ་གྲུའི་དོན་རྐྱེན་བྱུང་བའི་ཁྲོད་མི་གྲངས་ ༡༦༧ འདས་གྲོངས་སུ་གྱུར་ཡོད་ཅིང་། དེ་ནི་ཧི་མ་ཡ་ལའི་རི་རྒྱུད་རྒྱལ་ཁབ་ཁག་ཏུ་བྱུང་བའི་གནམ་གྲུའི་བརྡབ་སྐྱོན་ཆེས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།