དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་འཚེ་མེད་ཞི་བའི་དེད་དཔོན་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མདུན་ཐང་དུ། སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་སོགས་ལྷན་འཛོམས་ཐོག རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་དང་མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༥ པ་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། སྐབས་དེར་སྲིད་ཚབ་མཆོག་གིས་བོད་མི་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། བོད་མི་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་ཐོག་ནས་འགན་འཁུར་རྒྱུ་དེ་ཧ་ཅང་ཆེན་ཡིན་སྐོར་གསུངས་སོང་།
སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། དེ་རིང་བདག་ཉིད་ཆེན་པོ་གྷན་དྷི་མཆོག་དགུང་ལོ་ ༡༥༥ འཁོར་བའི་འཁྲུངས་སྐར་དེ་སྲུང་གཙི་ཞུ་གནང་གི་ཡོད་རེད་ལ། ཁོང་གི་འཁྲུངས་སྐར་དེ་རྒྱལ་སྤྱིའི་ནང་འཚེ་མེད་ཞུ་བའི་ཉིན་མོར་སྲུང་གཙི་གནང་མུས་རེད། དེ་བཞིན་རྒྱ་གར་རྒྱལ་ཡོངས་ནས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་གི་ཡོད། ལྷག་པར་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱ་རྒྱུ་དེ་ཞེ་དྲགས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་རེད། ཉིན་དེར་སློབ་གྲྭ་ཁག་ཏུ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། དྲང་བདེན། བཟང་སྤྱོད། དཀའ་ངལ་གང་འདྲ་ཞིག་དང་འཕྲད་སྐབས་འཚེ་མེད་ཞི་བའི་ཐོག་ནས་གདོང་ལེན་བྱེད་སྟངས་ཐད་ལ་གཏམ་བཤད་ཀྱི་ལས་རིམ་སོགས་སྤེལ་གྱི་རེད། ཅེས་གསུངས་སོང་།
ཁོང་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ལས་འཚེ་མེད་བསྐྱོན་ནས། བོད་མི་རྣམས་ལ་ལམ་སྟོན་བཟང་པོ་གནང་བཞིན་ཡོད་པས། བོད་མི་རྣམས་བསོད་ནམས་ཧ་ཅང་ཆེན་པོ་ཡིན་ཏེ། སྐྱབས་བཅོལ་བ་འདྲ་འདྲ་བའི་ནང་གི་མི་འདྲ་བ་ཞིག་ཡིན་པ་རེད། ལྷག་པར་དེང་སྐབས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཐོས་པ་དང་ཞལ་མཇལ་རྒྱུ་ཡོད་པའི་དུས་སྐབས་འདིར། ༸མགོན་པོ་གང་ཉིད་ཀྱི་བཀའ་སློབ་སྙིང་ལ་བཅངས་ནས། བོད་ཆོལ་ཁ་གསུམ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་གྱི་ཐོག་ནས་ཚང་མས་འགན་ཁུར་ཏེ་བོད་སྤྱིའི་ལས་དོན་གཉེར་དགོས། ཞེས་དང་། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ནི། ནུབ་ཕྱོགས་དང་རྒྱ་གར་གྱི་སྲོལ་རྒྱུན་གྱི་ལྟ་བ་གཉིས་ཀར་མ་འདྲེས་པར་ཁྱད་འཕགས་ཅན་ཞིག་ཡིན་པའི་ཁར། རྒྱ་གར་གྱིས་དབྱིན་ཇི་བཙན་རྒྱལ་རིང་ལུགས་ལ་ཞི་བའི་ངོ་རྒོལ་བྱེད་སྐབས། དབྱིན་གཞུང་ལ་དྲག་རྒོལ་གྱི་འཐབ་རྩོད་བྱ་དགོས་པའི་སྐོར་བཤད་མཁན་མང་དག་ཅིག་བྱུང་ནའང་། གྷན་དྷི་མཆོག་གིས་སྣེ་ཁྲིད་བཟང་པོའི་ཐོག་ནས་མཐའ་གཏུག་བར་འཚེ་མེད་ཞི་བའི་ཐོག་ཏུ་ཤར་སྐྱོད་ཀྱིས་རྒྱ་གར་རང་བཙན་ཐོབ་ཡོད་སྐོར་སོགས་གསུངས་སོང།
བདག་ཉིད་ཆེན་པོ་གྷན་དྷི་མཆོག་ནི་ཕྱི་ལོ ༡༨༦༩ ལོའི་ཟླ་བ་བཅུ་པའི་ཚེས་གཉིས་ཉིན་རྒྱ་གར་གྱི་གྲོང་ཁྱེར་ཕོར་བྷན་དྷར་(Porbandar) འཁྲུངས། ཕྱི་ལོ ༡༩༤༨ ལོའི་ཟླ་བ་དང་པོའི་ཚེས་སུམ་ཅུ་ཉིན་ལྡི་ལིར་སྐུ་གཤེགས། ཁོང་ནི་རྒྱ་གར་གྱི་ཁྲིམས་རྩོད་པ་དང་། ཆབ་སྲིད། སྤྱི་ཚོགས་ཀྱི་ལས་འགུལ་བ། རྩོམ་པ་པོ་བཅས་ཡིན་ཞིང་། ཁོང་ནི་དབྱིན་ཇིའི་དབང་སྒྱུར་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱ་གར་གྱི་རང་བཙན་ལས་འགུལ་གྱི་དབུ་ཁྲིད་དུ་གྱུར་བས། ཁོང་ལ་རང་གི་རྒྱ་གར་གྱི་ཡབ་ཆེན་དུ་ངོས་འཛིན་བྱེད་མཁན་མང་དག་ཅིག་མཆིས། ཆབ་སྲིད་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་དུ་བདེན་པ་གཙིགས་སུ་བཀུར་དགོས་པའི་ཁོང་གི་ལྟ་བ་དེར་རྒྱལ་སྤྱིའི་ཐོག་གུས་བཀུར་ཞུ་བཞིན་ཡོད། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བདག་ཉིད་ཆེན་མོ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྗེས་འབྲང་བ་ཞིག་ཀྱང་ཡིན།
གསར་འགོད་པ། དཔལ་ལྡན།