བྷི་མན་མུག་ཀར་ཇི་ཡིས་བྲིས།
མགོ་ལོག་དཔལ་ལྡན་གྱིས་དབྱིན་ཡིག་ནས་བསྒྱུར།
ཉེ་ཆར་སྨན་གྱི་སློབ་གླིང་ཞིག་གི་སློབ་གཉེར་བ་ཞིག་དང་། སློབ་སྟོན་སྤྱི་གཉེར་ཁང་ཞིག་གི་འགན་འཛིན་གཉིས་ཏེ་ཤེས་ཡོན་ཚད་མཐོ་བའི་རྒྱ་གར་གྱི་བུད་མེད་གཉིས་ཤི་བའི་དོན་རྐྱེན་དེས་རྒྱ་གར་རྒྱལ་ཡོངས་སུ་ཁོང་ཁྲོའི་མེ་ལྕེ་འབར་བཞིན་ཡོད། གནས་ཚུལ་དང་པོ་ནི་ནུབ་བྷང་ག་ལའི་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊའི་གཞུང་གི་མཐོ་སློབ་ཅིག་ཏུ་སློབ་གཉེར་བྱེད་མུས་ཡིན་པའི་སྨན་པ་དེ་གཉིད་ཁུག་ཐབས་བྱེད་བཞིན་པའི་སྐབས་སུ་བཙན་གཡེམ་བྱས་ཏེ་ལྐོག་གསོད་བྱས་ཡོད་ཅིང་། གཅིག་ཤོས་ནི་འགན་འཛིན་དེ་ལས་ཀ་མང་དྲགས་པའི་རྐྱེན་གྱིས་ངལ་དུབ་ཀྱིས་མནར་ནས་ལས་ཀ་ལས་མཚམས་འཇོག་དགོས་བྱུང་བའི་གནད་དོན་དེ་རེད།
གནད་དོན་དེ་གཉིས་ངོ་གདོང་མི་འདྲ་བའི་ཟོལ་ཞིག་ཡིན་ཡང་། གནད་དོན་དེ་གཉིས་ཀྱིས་རྒྱ་གར་ནང་བུད་མེད་ལས་ཀ་བའི་བདེ་འཇགས་དང་བདེ་དོན་ལ་སེམས་ཁུར་བྱེད་ཀྱི་མེད་པ་མཚོན། དེས་རྒྱ་གར་ནང་བུད་མེད་ལས་ཀར་འཛུལ་ཞུགས་བྱེད་མཁན་ཉུང་ཉུང་ཡིན་པ་གསལ་སྟོན་བྱས་ཡོད། འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་གར་གྱི་ལོ་འཁོར་དཔལ་འབྱོར་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༣ བར་གྱི་རྒྱ་གར་རྒྱལ་ཡོངས་ཀྱི་ལོ་འཁོར་རྩིས་ལོའི་མཇུག་བར་རྒྱ་གར་ནང་བུད་མེད་བརྒྱ་ཆ་ ༣༧ ཙམ་ལས་ལས་ཀར་ཞུགས་མེད། རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱིས་དགའ་བསུ་བྱེད་མུས་ཡིན་ཡང་། ཕོ་མོ་སོགས་ཀྱི་རིགས་རུས་ཀྱི་དབྱེ་མཚམས་མ་བཟུང་ཚེ། གྲངས་འབོར་ཧ་ཅང་མཐོ་བའི་རྒྱ་གར་གཞོན་སྐྱེས་རྣམས་ཀྱི་གཅིག་སྡུད་ཀྱི་ནུས་པས་རྒྱ་གར་གྱི་མཚན་སྙན་སྔར་ལས་ཇེ་ཆེར་གཏོང་ཐུབ། གནད་དོན་དེས་བུད་མེད་ཀྱི་ལས་བཟོ་བའི་གྲངས་འབོར་ཧ་ཅང་ཉུང་བའི་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་མང་དག་ཅིག་ལའང་ཕན་ཐོགས་ངེས་ཅན་ཞིག་ཡོད་ངེས་རེད།
ཉེ་སྔོན་རྒྱ་གར་ནུབ་རྒྱུད་ཀོལ་ཀ་ཊར་བྱུང་བའི་དོན་རྐྱེན་དེར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་སྟབས། ནུབ་བྷང་ག་ལའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་མཱ་མཱ་ཊ་(Mamata Banerjee) ལགས་ཀྱིས། རྒྱ་གར་ནང་བཙན་གཡེམ་བྱེད་མཁན་གྱི་ཉེས་ཅན་རྣམས་སྲོག་ཁྲིམས་གཅད་དགོས་པའི་གྲོས་འཆར་གསར་པ་ཞིག་བཏོན་ཡོད། གྲོད་ཆོད་དེས་རྒྱ་གར་ནང་བཙན་གཡེམ་གཏོང་མཁན་དང་འབྲེལ་བའི་དཀའ་ངལ་ཅུང་ཙམ་སེལ་ཐུབ་ཀྱང་། རྒྱ་གར་ནང་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་ཆེན་མཆིས་མོད། གནད་དོན་དེའི་ཐད་ཁྲིམས་རྩོད་པ་དང་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་བྱེད་པའི་ས་མནཱ་ན་སློབ་སྟོན་ལྟེ་གནས་ཁང་(anti-discriminatory consultancy Samana Centre) གསར་འཛུགས་བྱེད་མཁན་ཨ་པར་ནཱ་ (Aparna Mittal) ལགས་ཀྱིས། རྒྱ་གར་ནང་བཙན་གཡེམ་བྱེད་མཁན་གྱི་ནག་ཉེས་ཐེར་འདོན་དང་ཉེས་ཆད་ལྕི་མོ་ཞིག་མ་བཅད་ནས་མུ་མཐུད་དུ་བཞག་པ་ཡིན་ན། ནག་ཉེས་ར་སྤྲོད་འབྱུང་མཁན་གྱི་གྲངས་ཚད་ཇེ་ཉུང་དུ་འགྲོ་ངེས་ཡིན་པས། ཁྲིམས་སྒྲིག་གཞིར་བཟུང་དོན་རྐྱེན་བྱུང་མ་ཐག་ཐེར་འདོན་བྱས་ཚེ། རྗེས་མ་དཀའ་ངལ་ཆེན་པོ་ཞིག་ཆགས་ཀྱི་མ་རེད། ཅེས་བརྗོད་འདུག
ཡང་ཁྲིམས་རྩོད་པ་ཨ་པར་ནཱ་ལགས་ཀྱིས། ཕྱི་ལོ་ ༢༠༢༡ ལོའི་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་དུས་སྐབས། ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བྱུང་བའི་ནིར་བྷ་ཡ་བཙན་གཡེམ་དང་དམར་གསོད་དོན་རྐྱེན་ (Nirbhaya case) ཆེན་མོའི་རྗེས། རྒྱ་གར་དབུས་གཞུང་གིས་ནིར་བྷ་ཡ་ཐེབས་རྩ་ཞེས་པ་བཙུགས་ནས་རྒྱ་གར་གཞུང་གིས་བུད་མེད་ཀྱི་བདེ་འཇགས་དང་བདེ་སྲུང་ཡར་རྒྱས་གཏོང་བའི་ལས་གཞི་ཞིག་མགོ་བརྩམས་ཡོད་ཀྱང་། དེའི་ཁོངས་ཀྱི་དངུལ་འབོར་ཉུང་ཤས་ཙམ་ལས་བེད་སྤྱོད་གཏོང་མེད་པའི་སྐོར་གླེང་སློང་བྱས་ཡོད་པ་རེད། ཅེས་དང་། དེང་སྐབས་ཕོ་མོ་དབྱེ་འབྱེད་ཀྱི་ཕྱོགས་ལྷུང་གི་ལྟ་བའི་འགུལ་ཤུགས་ཇེ་ཆེར་འགྲོ་མུས་ཡིན་པས། ཕྱི་ལོ་ ༢༠༢༣ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཀྱང་བཅའ་ཡིག་འབྲི་སྐབས་ཕོ་མོ་དབྱེ་འབྱེད་མི་བྱེད་པའི་མཆན་འགྲེལ་གྱི་ཡིག་ཆ་ཞིག་ཀྱང་འགྲེམས་སྤེལ་བྱས་ཡོད། ལས་དོན་དེས་ལས་མི་འཚོལ་བའི་ལས་དོན་ལའང་ཤུགས་རྐྱེན་ཐེབས་ངེས་ཡིན་ལ། སྐབས་རེར་དོ་དམ་པ་ཚོས་ཀྱང་བུད་མེད་རྣམས་ལ་དགོས་ངེས་ཀྱི་མཐུན་རྐྱེན་མེད་པའི་དབང་གིས། བཟོ་གྲྭ་དང་ཚོང་ཁང་སོགས་སུ་བུད་མེད་ལས་ཀ་བ་འཚོལ་འདོད་མེད་པ་རེད། ཅེས་བརྗོད་འདུག
ཁྲིམས་སྒྲིག་ཐོག་ནས་ཁེ་ལས་ཚོགས་པའི་ཡོང་འབབ་ཀྱི་ཚད་གཞི་ངེས་ཅན་ཞིག་བརྒལ་དགོས་ན། བུད་མེད་འགན་འཛིན་བསྐོ་གཞག་བྱ་དགོས་ནའང་། དེང་སྐབས་བུད་མེད་འགན་འཛིན་བསྐོ་གཞག་བྱེད་པ་ནི་ཁྲིམས་ལུགས་ཀྱི་དགོས་མཁོ་སྐོང་བ་ཙམ་ལས་སྣ་མང་རང་བཞིན་དང་སྤྱི་སྙོམས་ཀྱི་ལས་ཀའི་ཁོར་ཡུག་ཅིག་བསྐྲུན་པའི་ཆེད་གཏན་ནས་མིན། དེང་སྐབས་མགྲོན་པོ་དག་གི་འདོད་བློ་སྐོང་ཆེད། རིན་འབབ་གཏན་ནས་མི་བཀོལ་བའི་བྱེད་ཐབས་གཙོ་བོ་སྤྱད་པའི་ཚོང་ལས་ཤིག་གཉེར་གྱིན་ཡོད་པས། དེས་བུད་མེད་ལས་ཀ་བ་རྣམས་ལ་སྔར་མེད་ཀྱི་དཀའ་ཁག་ཅིག་འཕྲད་མུས་ཡིན། ལྷག་པར་ཨེ་ཤ་ཡའི་བུད་མེད་རྣམས་ཀྱིས་ཁྱིམ་ཚང་གི་ལས་དོན་མང་དག་ཅིག་གཉེར་དགོས་པའི་ཁར། འགྲིམ་འགྲུལ་བདེ་འཇགས་མེད་པ་དང་ལས་ཁུངས་ཀྱི་རྒྱབ་སྐྱོར་ཚད་ལྡན་མེད་སྟབས། བུད་མེད་མང་པོ་ཞིག་གིས་ལས་ཀ་མི་གཡུག་ཀ་མེད་འབྱུང་མུས་ཡིན། ཕོ་མོ་སྣ་འཛོམས་རང་བཞིན་ཅན་གྱི་ལས་མི་ཡོད་པ་དེས་ལས་དོན་མཐའ་དག་ལ་སྔར་མེད་ཀྱི་མཉམ་འདུས་ཀྱི་རིག་རྩལ་ལྡན་པ་ངོས་འཛིན་བྱེད་ཀྱི་ཡོད་པའི་མུར། བྱིས་པའི་བདེ་འཇགས་ཐད་ཀྱི་མ་འཇོག་དང་། ཚོང་དཔོན་སོགས་ཀྱི་གྲངས་འབོར་མང་དུ་འགྲོ་བས། དེས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ལོ་བསྒྱུར་ཐུབ་ལ། བཟོ་ཚོང་ཆེད་མཁས་པ་དག་གིས་ཀྱང་ལས་དོན་གཉེར་སྟངས་དེས་ཚོང་དོན་འཕེལ་རྒྱས་ཡོང་གི་ཡོད་པའི་མོས་མཐུན་བྱེད་ཀྱི་ཡོད།
ནཱ་བྷོ་མི་ཊ་ (Nabomita Mazumda) ལགས་ནི་གསར་འགྱུར་འཕྲུལ་རིག་ལས་ཁུངས་(media technology firm) ཏེ་Nabomita.comགསར་འཛུགས་བྱེད་མཁན་དང་། རྒྱ་གར་རྒྱལ་ཡོངས་ཀྱི་ཁེ་ལས་ཚོང་གཉེར་བ་རབ་འབྲིང་མཐའ་གསུམ་སོགས་(Confederation of Indian Medium and Small and Micro Enterprises) ཀྱི་ཚོགས་གཙོ། དེ་བཞིན་བུད་མེད་ཚོང་དོན་ཁེ་ལས་གཉེར་མཁན་ཞིག་ཡིན། ཁོང་མོས་རང་གི་ཉེ་འཁོར་གྱི་བདེ་སྡུག་གལ་ཆེན་དུ་བཟུང་ན་ཕན་འབྲས་མི་དམན་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད་པས། ནཱ་བྷོ་མི་ཊ་ལགས་ཀྱིས། ཁོང་མོའི་ཚོང་རོགས་ཤིག་ལ་ལས་ཀ་གཞན་ཞིག་གཉེར་རྒྱུའི་གོ་སྐབས་ཐོབ་སྟེ། ལས་རོགས་དེས་བདུན་ཕྲག་གཅིག་ནང་རང་གི་བུ་ཕྲུག་རྣམས་ལས་ཁུངས་སུ་ཐེངས་གཅིག་ལ་འཁྲིད་ཆོག ཏོག་དབྱིབས་རིམས་ནད་མཆེད་སྐབས་ལས་ཁུངས་མང་དག་ཅིག་གིས་བུད་མེད་རྣམས་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་དང་འཆམ་མཐུན་གྱི་ལས་ཀའི་ཁོར་ཡུག་ཅིག་བསྒྱུར་རྒྱུའི་གལ་ཆེའི་རང་བཞིན་དེ་ཤེས་རྟོགས་བྱུང་ཡོད། ཅེས་བརྗོད་འདུག
གཅིག་བྱས་ན་འཕྲུལ་ལས་གསར་གཏོད་དམ། ཚོད་དཔག་དཀའ་བའི་གོད་ཆག་གི་དབང་གིས་གང་མགྱོགས་འགྱུར་བ་འགྲོ་སྲིད་ཀྱང་། རྒྱ་གར་དང་ཨེ་ཤ་ཡའི་མགོ་ཁྲིད་ཚོས་ཕན་འབྲས་ལྡན་པའི་ལས་ཀའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་དུས་ལ་བབ་ཡོད།
བྷི་མན་མུག་ཀར་ཇི་ (Biman Mukherji) ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལྷོ་རྒྱུད་དུ་གནས་སྡོད་བྱེད་མུས་ཡིན་པའི་རྒྱ་གར་གྱི་རྩོམ་པ་པོ་དང་། གསར་འགོད་པ། ཨ་རིའི་རྒྱལ་ས་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་ཚོང་དོན་དུས་དེབ་Fortune ཀྱི་ལྷོ་ཨེ་ཤ་ཡའི་འབྲེལ་མཐུད་པ་ཡིན། ཁོང་གིས་རྒྱུན་དུ་རྒྱ་གར་དང་ཨེ་ཤ་ཡའི་ཚོང་དོན་སྐོར་ལ་རྩོམ་ཡིག་སྤེལ་གྱིན་ཡོད་པ་རེད།
མ་རྩོམ་གྱི་འབྲེལ་ཐག Death of two Indian women workers underscores need to revamp orkplace culture