______གཟི་མིག ( མགོ་ལོག་དཔལ་ལྡན།)
འདས་པའི་མི་ལོ་གསུམ་ལྷག་གི་རིང་ལས་གནས་ཀྱི་དབང་གིས། ཧི་མ་ཡ་ལའི་རི་ངོགས་སུ་ཆགས་པའི་མོན་ཡུལ་དུ་བསྐྱོད་རྒྱུ་བྱུང་ལ། ལ་དྭགས་སུ་ཐེངས་གཉིས་ལ་བསྐྱོད་ནས་འདས་ལོར་ཟླ་ངོ་གཉིས་ལྷག་བསྡད་དེ། ཁུལ་དེའི་རི་ཀླུང་ཐང་གསུམ་དུ་ཕྱིན། ལྷག་པར་བོད་ཀྱི་ས་མཚམས་ཀྱི་ཉེ་སར་སླེབ་དུས་བཟོད་ཐབས་བྲལ་བའི་ན་ཟུག་ཅིག་གིས་འགོག་མེད་དུ་མནར་འོང་། དེ་བཞིན་འདི་ལོའི་ལོ་སར་སྐབས། ཕ་ཡུལ་མགོ་ལོག་གི་ཡུལ་གྲོགས་སྤྲོ་སྣང་ཅན་ཁ་ཤས་དང་འགྲོགས་ནས། ཤིང་ཕོ་འབྲུག་གི་ལོར་དཔལ་ལྡན་འབྲུག་རྒྱལ་ཁབ་ཀྱི་ཕུན་ཚོགས་གླིང་དང་། རྒྱལ་ས་ཐིམ་ཕུག བུམ་ཐང་སོགས་སུ་འཁྱམ་ཉུལ་བྱས་ཀྱང་། ལས་བྲེལ་དང་བག་གཡེང་སོགས་ཀྱི་དབང་གིས་ཟིན་བྲིས་ཤིག་འབྲི་མ་ཐུབ་པས། ད་ལན་རི་བོ་ཧི་མ་ལ་ཡའི་འགྲམ་ངོགས་སུ་ཆགས་པའི་བལ་ཡུལ་གྱི་བྱང་རྒྱུད་ཡོལ་མོའི་ཡུལ་དུ་འཁྱམ་སྐྱོད་སྐབས། ངེས་པར་ཟིན་བྲིས་ཤིག་ཨེ་འཁྱོངས་ལ་འབད་དགོས་བསམས་ནས། ཉིན་ཤས་གོང་བོད་ནང་གི་འཁྱམ་སྐྱོད་ཀྱི་ཟིན་བྲིས་འབྲི་མཁན་གྱི་སྐུ་ཞབས་འབྲོག་སྐྱ་བོ་ལགས་སུ་སྨྲ་ལྕེ་ཅུང་ཙམ་གློད་སྐབས། ཉེ་ལམ་ཁོང་གིས་ཟིན་བྲིས་འབྲི་ཡི་མེད་ལབ་བྱུང་བས། ངས་ཁོང་གིས་ཆང་འཐུང་རྒྱུ་ཉུང་ཙམ་བཏང་ནས་འཕྲོད་བསྟེན་འགངས་ཆེན་དུ་བརྩི་དགོས་པའི་ཁ་ལ་ཞིག་བྱས། ཉིན་ཤས་རིང་སྔ་གཞུག་མང་པོར་འཆར་གཞི་སྒྲིག་པ་བཞིན། བལ་ཡུལ་གྱི་ཀ་ཐི་མན་ཌུའི་རི་གཞོངས་ཀྱི་ལྟེ་བར་གནས་པའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འགྲམ་དུ་གླས་པའི་མགྲོན་ཁང་ནས་བུད་དེ། རླངས་འཁོར་ས་ཚིགས་སུ་སྐྱོད་སྐབས། གཞུང་ལམ་གྱི་གཡོན་ཕྱོགས་སུ་བོད་ནས་ཉེ་ལམ་གནས་མཇལ་དུ་ཡོང་བའི་རྒན་རྒོན་གཉིས་ཀྱིས་གླ་གཏོང་རེས་འཁོར་སྒུག་འདུག་པས། རྒན་པོ་དེས་རེ་བའི་མིག་ཟུང་ང་ལ་ཕྱོགས་ནས་ས་ཆ་འགའ་ཤས་ཀྱི་མིང་དྲིས་ཀྱང་། ངའང་བལ་ཡུལ་རྒྱལ་ས་ཁུལ་གྱི་ས་གནས་ཁག་ལ་ཆ་རྒྱུས་གཏན་ནས་མེད་པས་རོགས་ཤིག་བྱས་མ་ཐུབ། རང་གི་དམིགས་འདུན་བཞིན་གཞུང་ལམ་གྱི་གཡས་ཕྱོགས་སུ་བགྲོད། དེར་ཐེངས་འདིའི་ང་ཚོའི་འཁྱམ་སྐྱོད་རོགས་པ་གངས་ཕྲུག་སེངྒེས་སྒུག་ནས་ཡོད་ཀྱང་། སེམས་ཀྱིས་མ་བཟོད་པར་ཁོ་འཁྲིད་ནས་ལྷ་ས་ནས་ཕེབས་མ་ཁར་ཡིན་པའི་རྒན་རྒོན་གཉིས་ལམ་འཇུག་བྱས། གླ་གཏོང་རླངས་འཁོར་དུ་བསྡད་ནས་རེ་ཞིག་གཉིད་དུ་ཡུར། མལ་ནས་ལྡང་དུས་རི་མགོ་ཞིག་ཏུ་སླེབས་འདུག
རི་ཚིགས་དེ་ནས་ཡུད་ཙམ་བསྡད་མཐར་རིམ་གྱིས་ལུང་གཞོངས་སུ་བབས། ཞིང་ལས་ཀྱི་འཚོ་བ་རོལ་མཁན་གྱི་ཡུལ་ལུང་དེར་བལ་སྐད་ཀྱིས་ཚ་ཧཱ་རེ་ཞེས་འབོད། གདོད་མའི་དུས་སུ་ཡུལ་དེར་ཚ་གདུང་ཧ་ཅང་ཆེ་བས། ཡུལ་མི་དག་གིས་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་བྱས་ཏེ་ཚ་གདུང་སེལ་ཐབས་བྱས་པས། ཡུལ་དེའི་མིང་ལའང་ཚ་ཧཱ་རེའམ་བསིལ་གྲིབ་ཅེས་ཐོགས། ཚ་ཧཱ་རེ་ནས་སྤྱི་ལེ་གསུམ་གྱི་མཚམས་སུ་དྷི་ཀུ་རི་ (Dhikure) ཞེས་པའི་ཡུལ་ཞིག་འདུག་ལ། དེ་ནི་བར་ཆད་ལམ་སེལ་ཁྲོད་ཀྱི་ཡུལ་ནི་ཚ་བའི་ཤོད་ཅེས་པ་དེ་རེད་ཟེར། ཚ་ཧཱ་རེ་ནི་ཡོལ་མོའི་ལྷོ་ནུབ་རྒྱུད་དུ་ཆགས་པའི་ནོ་བ་ཀི་ཊོ་(Nuwa kot ) རྫོང་དུ་བགྲོད་པའི་ལམ་དབར་དུ་ཁེལ་ཡོད་ཅིང་། དེའི་ངོགས་སུ་ལུ་ཁུ་ (Likhu ) ཡུལ་ནས་བཞུར་བའི་ལི་ཁུའི་ཆུ་བོ་ཞིག་རྒྱུག་གིན་འདུག་ཀྱང་། ཆུང་ཆུང་ཆགས་ནས་གཡས་གཡོན་གྱི་ཆུ་རྡོ་དག་ཀྱང་ཇེ་མངོན་དུ་གྱུར། ཚ་ཧཱ་རེ་ཡུལ་གྱི་གཡས་ཕྱོགས་སུ་རྩེ་མོ་གནམ་ལ་ཟུག་པའི་གཙང་ཁ་ལ་ཞེས་པའི་ལ་ཞིག་འདུག དེ་ནི་གུ་རུ་རིན་པོ་ཆེས་དགྲ་ལྷ་དགེ་བསྙེན་དམ་ལ་གདག་སའི་གནས་རི་ཡིན་པར་གྲགས་ཏེ། བར་ཆད་ལམ་སེལ་ལས་གཙང་ཁ་ལ་ཡའི་ལ་ཐོག་ཏུ།། དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས།། ཞེས་གསལ། དེ་ནས་ས་ཚིགས་བཞི་ལྔ་ཙམ་བགྲོད་རྗེས་སྦག་མ་རྭ་ཞེས་པར་འབྱོར། བལ་སྐད་དུ་སྦག་མ་རྭ་ཞེས་པ་ནི་སྟག་གསོད་པའི་དོན་ཡིན་ཏེ། སྔོན་མའི་དུས་ཡུལ་དེར་སྟག་གཟིག་གི་འཇིགས་པ་ཧ་ཅང་ཆེ་བས། ཡུལ་མི་དག་གིས་རྙི་བཞག་ནས། སྟག་སོགས་བསད་པས་ཡུལ་གྱི་མིང་དུའང་སྟག་གསོད་ས་ཞེས་གྲགས། དེ་བཞིན་ཡོལ་མོ་བས་སྟག་འཁོར་ས་ཞེས་འབོད་ཀྱིན་འདུག སྦག་མ་ར་ནས་རླངས་འཁོར་གྱི་བགྲོད་ལམ་མེད་པས། ཆུ་ཚོད་གསུམ་ལྷག་རིང་རྐང་ཐང་དུ་སོང་བས། ལས་རོགས་མཛོད་གངས་མིག་གིས། སེངྒེའི་ནང་དུ་འགྲོ་བའི་ལམ་བར་དུ་བོད་དུ་སྐྱེས་པའི་རྩི་ཏོག་མང་དག་ཅིག་ཡོད་པའི་ཁར། ས་དབྱིབས་དང་ནགས་ཀླུང་དག་ནི་བོད་ནང་གི་རང་བྱུང་གི་བཀོད་པ་དང་འདྲ་ཙམ་ཡོད་སྐོར་བརྗོད་བྱུང་ལ། ང་ལའང་ཕ་ཡུལ་དང་ཁ་ཐག་ཧ་ཅང་ཉེ་བའི་ཚོར་སྣང་དམིགས་བསལ་ཞིག་བྱུང་། དེའི་རྗེས་ནོར་བུ་གླིང་ཞེས་པའི་ཁེར་ཚུགས་སུ་གཞིས་བཅས་པའི་གངས་ཕྲུག་སེངྒེ་ཚང་ལ་འབྱོར། ས་མིང་དེ་ཁོང་ཚང་གི་ཨ་ཕས་བཏགས་སྐད།
ཨ་ཕ་ཚེ་རིང་སྲི་ཐར་ནི་སེངྒེ་ཚང་གི་གཞིས་ཁྱིམ་གྱི་བདག་པོ་ཡིན་པ་མ་ཟད། སྐད་ཆ་མོལ་རྒྱུ་དགའ་བའི་འབྲོག་མི་སྣང་དྭངས་ཤིག་རེད་འདུག་པས། ང་ཚོས་དགོང་མོ་བར་དྲོད་ལམ་ལམ་གྱི་འཇིམ་བག་གི་ཐབ་ལས་མཆེད་པའི་མེ་དྲོད་ལ་རྐང་ལག་བསྲོ་ཞོར། ཁོང་གི་སྐད་ཆ་ལ་མཉན། ཡོལ་མོ་བ་རྣམས་ནི་བོད་སྐྱིད་གྲོང་ནས་མཆེད་པའི་མི་རིགས་ཤིག་ཡིན་ཞིང་། དེང་སྐབས་བལ་ཡུལ་གཞུང་གིས་གྲངས་ཉུང་མི་རིགས་སུ་ངོས་འཛིན་བྱེད་ཀྱིན་འདུག ཁོང་ཚོར་ཇ་པའམ་ཐོད་དཀར། ཞང་པ། གཡས་པ། གདོང་པ། ལྷ་ལུང་པ། སོགས་ཀྱི་རིགས་རྒྱུད་མང་པོ་འདུག དེ་ལས་ཐོད་དཀར་པ་དག་ནི་ཐོན་མི་སམ་བྷོ་ཊའི་རིགས་རྒྱུད་དང་། ལྷ་ལུང་པ་ནི་ལྷ་ལུང་དཔལ་རྡོར་གྱི་རིགས་རྒྱུད་ཡིན་ཟེར་བས། རིགས་རུས་གཅིག་གི་ཆ་རྒྱུས་མེད་པའི་མི་གཉིས་འཕྲད་ཚེ། གཉེན་གྱི་འདུ་ཤེས་བཟུང་ནས་ཇ་ཕོར་གཅིག་ཏུ་ཇ་ལ་རོལ་རབས་འདུག ཨ་ཕ་སྲི་ཐར་གྱིས་ང་ཚོས་དྲིས་པའི་ས་མིང་དང་ཆུ་མིང་སོགས་རིམ་གྱིས་ངོ་སྤྲོད་བྱེད་སྐབས། བར་ཆད་ལམ་སེལ་འདོན་ཞོར་བལ་སྐད་དང་མངའ་རིས་སྐད་དམ་ཡོལ་སྐད་འདྲེས་མས་ངོ་སྤྲོད་གནང་བྱུང་བས། མཚམས་རེར་གོ་ཞིང་མཚམས་རེར་མི་གོ་བས་སེངྒེས་སྐད་བསྒྱུར་བྱས། ཉན་ཚོད་ཀྱིས་ཡོལ་མོའི་ཁུལ་དུ་གུ་རུ་རིན་པོ་ཆེ་ཞབས་ཀྱིས་བཅགས་པ་དང་། འདྲེ་གདོན་དམ་དུ་བཏགས་པའི་གནས་ཆེན་མང་པོ་ཞིག་མཆིས་སྐད། ཨ་ཕ་སྲི་ཐར་ནི་ཁུལ་འདིའི་དམངས་ཁྲོད་ཀྱི་ངག་རིག་སྒྱུ་རྩལ་ལ་རྒྱུས་མངའ་ཡོད་པའི་ཁར། སྒྲ་བརྙན་ཡང་དཀྲོལ་ཤེས་ཀྱི་འདུག་པས། ནུབ་ཚལ་རོལ་རྗེས་ཁོང་གིས་སྒྲ་བརྙན་དཀྲོལ་མགོ་བཙུགས་ནས་གླུ་དབྱངས་ཁ་ཤས་ཤིག་བླངས། རོལ་མོ་དཀྲོལ་སྟངས་ནི་མངའ་རིས་དཀྲོལ་ལེན་དང་ཆ་འདྲ་ཙམ་ཡོད་པའི་སྣང་བ་བྱུང་ཡང་། ངས་ནི་རོལ་མོ་དཀྲོལ་ལེན་སོགས་ཅི་ཡང་མི་ཤེས་པས་ངའི་ལྟ་ཚུལ་ལ་ཡིད་འཇོག་བྱེད་ཐབས་མེད། ཁོང་གིས་གླུ་དབྱངས་ཤིག་ཐེངས་གཉིས་གསུམ་ལ་དཀྲོལ་ལེན་བྱས་སོང་བས། ངས་གཞི་ནས་ཁོང་གི་གླུ་སྐད་ཀྱི་གསེབ་ནས། སྐལ་བཟང་ལགས། སེར་པོ་གསེར་གྱི་ཁྲི་ལ།། རྩ་བའི་བླ་མ་བཞུགས་ཡོད།། བླ་མ་འགྱུར་བ་མ་གནང་། གྲྭ་བཙུན་ལས་ཀྱིས་བསྐོར་ཡོད། ། སྔོན་པོ་གཡུ་ཡི་ཁྲི་ལ།། འགོ་འདྲེན་དཔོན་པོ་བཞུགས་ཡོད།། དཔོན་པོ་འགྱུར་བ་མ་གནང་།། མི་སེར་ལས་ཀྱིས་བསྐོར་ཡོད།། ཅེས་གླུ་ཚིག་ཐན་ཐུན་ཞིག་གོ་བྱུང་། ངས་ཁོང་གིས་དཀྲོལ་ལེན་ལ་ཉན་ཞོར་ཁོང་ཚང་གི་ཐབ་ཚང་དུ་ཞིབ་བལྟ་ཞིག་བྱས་པས། རྨང་གཞི་རྡོ་དང་འཇིམ་བག་བསྲེས་ནས་བརྩིགས། དེའི་ཐོག་ཏུ་འཇིམ་བག་གིས་ལྷན་པ་བྱས། ཁང་པའི་དཀྱིལ་དབུས་ན་ཀ་བ་ཞིག་འདུག དེ་ནི་ཨ་ཕ་སྲི་ཐར་གྱིས་ཁོང་ཚང་གི་ལྟག་རྒྱབ་ཀྱི་ནགས་གསེབ་ལས་ཁུར་ཡོང་ཟེར། ཁང་པའི་ཐོག་ལ་རིམ་པ་གཉིས་འདུག ཐོག་གོང་མར་གདུང་མ་བཞག དེའི་ཐོག་ཏུ་སོག་མ་བཏིང་། དེའི་གཤམ་གྱི་རིམ་པ་དེར་གདུང་མ་བཞག དེའི་ཐོག་ཏུ་སྨྱུག་མས་བསླས་པའི་བར་ཚགས་ཞེས་པ་ཞིག་བཞག གདུང་མ་རུ་དུ་ཞག་གིས་བཟུང་ནས་ནག་པོར་ཆགས་ཡོད་སྟབས། ང་ཚོ་ཡར་འཛུལ་མ་ཐག་ཕ་ཡུལ་གྱི་འབྲོག་པའི་དགུན་ས་ཞིག་ཏུ་སླེབས་པའི་ཚོར་བ་ཞིག་སྟེར། དཀྱིལ་དུ་ཡོད་པའི་ཀ་བ་དང་གདུང་མ་སོགས་སུ་སྐྱོག་དང་། མདུང་མོ། དེ་བཞིན་ཕྱུར་བ་སོགས་དཔྱངས་ནས་བཞག་འདུག ཁུལ་འདིའི་འབྲོག་པ་ལ་བགོ་རེ་ཞེས་འབོད། ཡོལ་སྐད་དུ་བགོ་རེ་ཞེས་པ་སྦྲ་གུར་ལ་གོ་ཞིང་། བོད་ཀྱི་བརྡ་རྙིང་ལས་ཁང་པ་གྲུ་བཞི་ལ་གོ ཡོལ་སྐད་དུ་ལུག་བགོ་ར་བ་དང་། བ་བགོ་ར་བ། གཡག་བགོ་ར་བ་ཞེས་པ་སོགས་ནི་ལུག་རྫི་དང། བ་རྫི། ནོར་རྫི་བཅས་ལ་གོ་བ་ཡིན། ང་ཚོས་དགོང་མོ་ཡུན་རིང་ལ་སྐད་ཆར་རོལ་རྗེས། ཁོང་ཚང་གིས་གོ་སྒྲིག་བྱས་པའི་མགྲོན་པོ་སྣེ་ལེན་ཁང་ངམ་མལ་སར་ཕྱིན་པ་ཡིན། དེ་ནི་ཁོང་ཚང་གི་མཆོད་ཁང་ཡིན་པ་འདྲ། ནང་པའི་བསྟན་བདག་བླ་ཆེན་རྣམས་ཀྱི་སྐུ་པར་བསྒྲིགས། མལ་སར་ཉལ་ནས་མིག་བཙུམས་ཏེ་ཡུད་ཙམ་བསྡད་པ་ཡིན། ཧ་ཅང་ཁུ་སིམ་པའི་མཚན་མོའི་ལྷིང་འཇགས་དེ། ཁོང་ཚང་གི་བ་ཕྱུགས་དག་གི་ངུར་སྒྲ་དང་། ང་ཚོའི་ཉལ་ཁང་གི་གཡོན་ཕྱོགས་སུ་བཏགས་པའི་སྒོ་ཁྱི་གཉིས་ཀྱི་ཟུག་སྒྲས་བཅོམ་འདུག་ཀྱང་། བག་ཆགས་ཀྱི་དབང་གིས་ཚོར་སྣང་སྐྱིད་པོ་ཞིག་བྱུང་།
དེང་སྐབས་ཡོལ་མོ་བ་དག་གིས་མགྲོན་པོ་ཁྱིམ་དུ་སྣེ་ལེན་བྱེད་སྐབས། ཐོག་མར་ཇ་མངར་མོ་ཞིག་འདྲེན་ཚར་མ་ཐག་བོད་ཇ་འདྲེན། སྔ་མ་མགྲོན་པོར་བོད་ཇ་གཅིག་པུ་འདྲེན་ནའང་ཕྱིས་སུ་འབྲོག་ཕྱོགས་སུ་ཀ་ར་བྱུང་རྗེས་མངར་ཇ་དང་རིམ་པས་བོད་ཇ་འདྲེན་པའི་ལུགས་སྲོལ་དར་སྐད། དེ་བཞིན་ཤར་པ་དག་གིས་ཐོག་མར་ཇ་མངར་མོ་དང་། བོད་ཇ། རིམ་པས་ཆང་འདྲེན་ཟེར། ནོར་བུ་གླིང་ནས་ནོ་བ་ཀོ་ཊའི་རྫོང་ལག་མཐིལ་དུ་བླངས་བ་བཞིན་མཐོང་གི་ཡོད་སྐད་ཀྱང་། མདང་དགོང་ངེད་ཅག་འབྱོར་མ་ཐག ཆར་བབས་པས། དེ་རིང་རི་མགོར་སྨུག་སྤྲིན་གྱིས་བཏུམས་འདུག་པས་ཅི་ཡང་མ་རིག་ནའང་། རི་ཧ་ཅང་མཐོ་བས་སྤྲིན་པ་དང་ཁ་ཐག་ཉེ་བའི་སྣང་བ་ཞིག་འགོག་མེད་དུ་སྟེར། ཁོང་ཚང་གི་ལྟག་རྒྱབ་ཀྱི་ནགས་གསེབ་བརྒྱུད་རི་མགོར་བུད་ནས་ཆུ་ཚོད་གཉིས་ལྷག་རྐང་ཐང་དུ་སོང་ཚེ། བལ་སྐད་དུ་སཱ་གྷར་ཀུན་དྷ་ (Sagar Kunda) དང་ཡོལ་སྐད་དུ་སྨན་མཚོ་ཞེས་པའི་མཚོ་མོ་ཞིག་ཡོད་ཟེར། དེར་ལྷ་མོ་དབུ་མའི་ཟླ་མཚན་བཞུར་བས། ཕྱིས་སུ་མཚོ་མོ་འཁྱིལ་བར་གྲགས། ཧིན་དྷུ་བ་རྣམས་ཀྱིས་ལྷ་དབང་ཕྱུག་དང་ལྷ་མོ་དབུ་མ་སོགས་ཀྱི་གནས་ཆེན་ཁག་ལ་འོ་མ་ལྡུག་ནས་མཆོད་འབུལ་བྱེད་ཀྱི་ཡོད་ཀྱང་། སྨན་མཚོ་ནི་ལྷ་མོ་དབུ་མའི་ཟླ་མཚན་ཡིན་པས། དེར་འོ་མ་ལྡུག་ཚེ་ཉེས་དམིགས་བསགས་པར་དོགས་ཏེ་འོ་མ་ལྡུག་ནས་མཆོད་འབུལ་བྱེད་སྲོལ་མེད། དེ་བཞིན་རྟ་དམག་པ་དག་གིས་ཀྱང་མཚོ་མོ་དེའི་གཡས་གཡོན་གྱི་སྨན་རྩའི་རྩ་བ་ལས་ཆུ་བཞུར་ནས་མཚོ་མོ་འཁྱིལ་བར་གྲགས་པས་སྨན་མཚོ་ཞེས་འབོད་སྲོལ་འདུག ནོར་བུ་གླིང་གི་གཡས་ཕྱོགས་ཀྱི་རི་རྒྱུད་དག་ཏུ་ལྷ་དབང་ཕྱུག་གིས་སྒྲུབ་པ་ཉམས་ལེན་དང་། སྒྲུབ་ཕུག་མང་པོ་ཞིག་མོད་ཅིང་། ཁུལ་འདིའི་དམངས་ཁྲོད་དུ་ལྷ་དབང་ཕྱུག་རི་རྒྱུད་དེ་དག་བརྒྱུད་ནས། གངས་རིན་པོ་ཆེར་གཤེགས་པའི་གཏམ་རྒྱུད་ཅིག་ཀྱང་འདུག སཱ་གྷར་ཀུན་དྷ་ནས་རྐང་ཐང་དུ་ཉིན་མཚན་གསུམ་ལ་བགྲོད་མཚམས་གླང་འགྲངས་ཞེས་པའི་ས་གནས་སུ་འབྱོར། གླང་འགྲངས་ཀྱི་རི་བོ་བརྒལ་ཚེ་སྐྱིད་གྲོང་དུ་འབྱོར་སྐད་ཀྱང་། ང་ནི་དངོས་སུ་འགྲོ་སྐལ་མ་བྱུང་བས། གོ་ཐོས་ཙམ་ཞིག་ཡི་གེར་བཏབ་པ་ཡིན།
ང་ཚོས་སེངྒེ་ཚང་ནས་གུང་ཟས་རོལ་ཚར་ནས་ཇ་འཐུང་བཞིན་པའི་སྐབས། ནོ་བ་ཀི་ཌིའི་རི་གཤམ་དུ་འཚོ་སྡོད་བྱེད་མུས་ཡིན་པའི་རྟ་དམག་པ་ཞིག་ཁོང་ཚང་དུ་འབྱོར། ཁོང་པ་ནི་རྒད་པོ་སྲི་ཐར་གྱི་གྲོགས་པོ་ཞིག་ཡིན་འདུག ནམ་ཟླ་ཅུང་གྲང་ངར་གྱིས་བསྡམས་ཡོད་ནའང་། ཁོས་བརླ་དོར་ཐུང་ཐུང་ཞིག་དང་སྟོད་དུ་ཚིལ་ལེན་སྲབ་སྲབ་ཅིག་ལས་གྱོན་མི་འདུག ཁོས་རོགས་པ་སྲི་ཐར་ཚང་ལ་ཆུ་ཁ་ནས་བཟུང་བའི་སྦལ་པ་མང་པོ་ཞིག་སྤྲད། ང་ནི་ཚོར་བ་ཁྱད་མཚར་ཞིག་སྐྱེས་ནས་ཞིབ་ལྟ་ཞིག་བྱས་པས། སྦལ་པ་ཚང་མ་བསད་ཚར་འདུག སེངྒེས་རྣ་གཉེར་ཞོར། དེ་ནི་སྦལ་བའི་བཟོ་དབྱིབས་དང་འདྲ་ནའང་། སྦལ་པ་མིན་པར་རྐང་ལག་རབ་ཏུ་བརྐྱངས་ནས་རྒྱང་ཐག་རིང་པོ་མཆོངས་ལྡིང་བྱས་པས་རབ་བརྐྱངས་རེད་ཟེར། དེའི་སྤགས་པ་དང་ཤ་ཁུ་སོགས་ནི། ལུས་ཚིགས་ན་བ་དང་། ལུས་ཟུངས་གསོ་བའི་སྨན་གྱི་མཆོག་ཅིག་ཡིན་པ་མ་ཟད། བུད་མེད་ཀྱིས་བྱིས་པ་བཙས་རྗེས་རབ་བརྐྱངས་ཀྱིས་ལུས་ཟུངས་གསོ་ཐུབ་པར་བཤད། དེ་བཞིན་དེའི་ཤི་རོ་སྐམ་དུ་བཅུག་ནས་རྨ་ཁ་སོགས་ཀྱི་སྟེང་དུ་བཞག་ཚེ། རྨ་ཁ་བཙེམས་མི་དགོས་པར་རང་བཞིན་གྱིས་སྦྱར་འགྲོ་རབས་འདུག དེ་མ་ཐག་ཨ་ཕ་སྲི་ཐར་གྱིས་གདོད་མའི་ཞལ་རྒྱུན་དུ། གུ་རུ་རིན་པོ་ཆེ་གཙང་པོ་ཞིག་ཏུ་རྒྱུན་དུ་ཆུ་འཐུང་དུ་ཕེབས་སྐབས། ཆུ་མགོ་རྙོག་པར་གྱུར་ཡོད་པས། ཁོང་གིས་ཆུ་རྒྱུད་དེད་ནས་ཕེབས་སྐབས། རབ་བརྐྱངས་ཀྱིས་ཆུ་མགོ་རྙོག་གི་ཡོད་པར་གཟིགས་ནས། “མི་ཡུལ་འགྲུལ་བའི་གསོལ་སྤགས་ཁྱེད།། ཅེས་སྨོན་ལམ་བཏབ་པའི་མུར། ཕྱག་གི་རྡོ་རྗེ་གནམ་ལ་འཕྱར་ནས་རབ་བརྐྱངས་ཀྱི་མགོ་བོར་གཞུས་པས། དེ་ནས་བཟུང་རབ་བརྐྱངས་མགོ་ལེབ་ཏུ་འགྱུར་ཞིང་ཀླད་པ་མེད་པར་གྲགས་ལ། རྒྱང་བཞུད་འགྲུལ་བ་དག་གིས་འཇུས་ནས་ཟ་སྲོལ་དར་རབས་བཤད།
སེངྒེ་ཚང་གི་གཡོན་སྒོ་ནས་ནགས་གསེབ་ཀྱི་ལམ་ཕྲན་བརྒྱུད་ནས་གཞོངས་སུ་བབས། ལམ་ཕྲན་ཧ་ཅང་དོག་ལ་རྐང་ལམ་ཕྲ་མོ་ཞིག་ལས་མེད་པས། རྒྱུས་མངའ་ཡོད་མཁན་ཞིག་མིན་ཚེ་འགྲོ་དཀའ། ཧ་ཅང་གཡང་གཟར་ཆེ་བའི་རི་ཀླུང་དེར་གཅན་གཟན་དང་། རི་ཕག སྤྲེལ་རིགས་མང་པོ་ཞིག་མཆིས་རབས་མོད་ཀྱང་། ང་ཚོས་གང་ཡང་མ་མཐོང་། ཁྲག་འཐུང་སྤལ་པས་( leach) ལན་མང་བཟུང་བས་རྐང་ལག་ལས་ཁྲག་བཞུར། ངལ་བས་དུབ། རྔུལ་ཆུ་བཞུར། དབུགས་འཚངས། རྐང་པ་ན་བས། རི་མགོར་ཅི་ཙམ་འགོས་ཀྱང་ཐོན་རྒྱུ་མེད་པའི་སྣང་བ་ཞིག་བྱུང་ལ། ང་རང་སྐྱེས་ནས་ད་བར་རྐང་ཐང་དུ་དེ་འདྲ་འགྲོ་མྱོང་མེད། རི་ཀླུང་ཐང་གསུམ་རྐང་ཐང་དུ་བགྲོད་ནས་ཆུ་ཚོད་གསུམ་ཙམ་གྱི་མཚམས་སུ། ཀ་ན་པོག་རི་ཞེས་པའི་ཡོལ་མོ་བའི་འབྲོག་སྡེ་ཞིག་ཏུ་འབྱོར་ལ། དེར་བོད་རིགས་འབྲོག་པ་ཁག་ཅིག་གིས་འཁོར་བ་བཅས་འདུག བལ་སྐད་དུ་ཀ་ན་པོག་རི་ཞེས་པ་ནི་ལུང་ཁུག་ཡངས་པོ་ཞིག་ཏུ་མཚོ་མོ་འཁྱིལ་བའི་དོན་ཡིན་ཏེ། ཡོལ་སྐད་དུ་མཚོ་སྡིངས་སྡིངས་ཞེས་འབོད། ཁུལ་དེའི་འབྲོག་མི་དག་རི་མགོར་ཤིང་གིས་བརྩིགས་པའི་ཁང་པ་སྟབས་བདེ་ཞིག་ཏུ་གཞིས་ཆགས་ཏེ། མཛོ་མོ་དང་། ར་མ། ལུག་སོགས་གསོ་སྐྱོང་བྱས་ནས་འཚོ་བ་རོལ་བ་ལས། སྦྲ་གུར་ཕུབ་པའི་གོམས་གཤིས་ཤིག་གཏན་ནས་མི་འདུག ང་ཚོ་མཛོ་མོ་བཞི་བཅུ་ལྷག་ཡོད་པའི་སྐར་མ་བཟང་པོ་ཚང་གི་རུ་ནང་དུ་བསྡད་པ་ཡིན། བོད་ཇ་བསྐོལ་བ་དང་། ཕྱུར་སྐམ་འདྲེན། ཟ་མ་གང་ཡག་འདྲེན་ནས་སྣེ་ལེན་བྱས་སོང་། ང་ཚོ་འབྱོར་ནས་སྐར་མ་འགའི་རྗེས་རི་ཀླུང་སྨུག་པས་བཏུམས་ནས་གནམ་བབས་སོང་བས། གཞོངས་སུ་བགྲོད་མཁན་གྱི་འགྲུལ་བ་ཁ་ཤས་ཀྱང་ཁོང་ཚང་དུ་ཕེབས། ངས་ངོ་ཤེས་ཤིག་བསྒྲིག་དགོས་བསམས་ནས། ཁོང་ཅག་གི་མིང་དྲིས་པས་གཅིག་གི་མིང་ལ་ཉི་མ་དོན་འགྲུབ་དང་། གཅིག་ཤོས་དེ་པ་སངས་ཡིན་ཟེར། ཡོལ་མོ་བ་རྣམས་ཀྱི་མིང་ནི་བོད་དབུས་ཕྱོགས་ཀྱི་མིང་འདོགས་སྟངས་བཞིན། གཟའ་འཁོར་བདུན་ལ་གཞི་བྱས་ནས་འདོགས་པས། དཔེར་ན། གཟའ་ཉི་མར་བཙས་པའི་བྱིས་པ་ཞིག་ཡིན་ན་མིང་ལ་ཉི་མ་དོན་འགྲུབ་དང་། ཉི་མ་ཚེ་རིང་། ཉི་མ་ལྷ་མོ་སོགས་མིང་གི་ཐོག་མར་གཟའ་མིང་འདོགས་ཀྱི་འདུག
ཡོལ་སྐད་ནི་བོད་ཀྱི་མངའ་རིས་ཡུལ་སྐད་ཡིན་ཟེར་ནའང་། སྐད་གདངས་དང་གཅོད་མཚམས་ཅུང་མི་འདྲ་བ་ཞིག་ཡིན་པར་སྣང་མོད། བོད་ཀྱི་སྟོད་ཕྱོགས་དང་། ཤར་ཁུལ་གྱི་འབྲོག་མིས་བཀོལ་བའི་ཐ་སྙད་མང་དག་ཅིག་སྤྱོད་ཀྱི་འདུག་ལ། འབྲས་ལྟ་བུ་ར་བཏགས་དང་། རྗེས་འཇུག་སོགས་ཀྱི་སྒྲ་ཐོན་པ་བྱས་ནས་སྐད་ཆར་མོལ། དཔེར་ན། འབྲས་ལ་འབ་རས། འབྲི་མོ་ལ་འབིར་མོ་ཞེས་འབོད། དེ་བཞིན་ཡ་བཏགས་གཡུགས་པའི་བརྡ་ཆད་མང་པོ་ཞིག་སྤྱོད་ཀྱི་འདུག་སྟེ། རྒྱགས་ཕྱེ་ལ་རྒྱགས་ཕེ། དཔྱིད་ཀ་ལ་དཔིད་ཀ ཕྱེ་ལ་ཕེ་ལྟ་བུ་ཡང་ཟེར། དེང་སྐབས་ཧི་མ་ལ་ཡའི་རི་གསེབ་ཏུ་འཚོ་བ་རོལ་མུས་ཡིན་པའི་ཡོལ་མོ་བ་རྣམས་ཀྱི་འཚོ་ཐབས་གཙོ་བོ་ནི་འབྲོག་ལས་ཡིན་ཞིང་། དུས་རབས་དགུ་པའི་དུས་མཇུག་དང་བཅུ་པའི་སྟོད་དུ་བོད་སྐྱིད་གྲོང་ནས་རིམ་པས་གནས་འདིར་སྤོར་ནས། ད་ལྟའི་འབྲོག་མི་རྣམས་འདིར་གཞིས་ཆགས་ནས་མི་ཐོག་གསུམ་ལྷག་འགྲོ་མུས་ཡིན་པ་འདྲ། ཡུལ་འདིར་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་ལ་དད་གུས་རབ་ཏུ་ཆེ་ལ། ཇོ་བོ་དེ་ཉིད་ཁུལ་འདིར་འཁྲུངས་ཏེ་ལྷ་སར་གདན་དྲངས་པའི་སྙན་སྒྲུང་ཞིག་ཀྱང་ཡོད་སྐད། བུད་མེད་དག་གིས་བོད་སྟོད་ཕྱོགས་ཀྱི་བུད་མེད་ཀྱི་ཆ་ལུགས་ཅན་གྱི་ཕྱུ་བ་ཞིག་གྱོན་གྱི་ཡོད་པ་དང་། ཡོལ་མོའི་སྐྱེས་པ་དག་གིས་གདོད་མའི་དུས་སུ་སྐྱིད་གྲོང་གི་བོད་ཆས་གྱོན་སྲོལ་ཡོད་ཀྱང་། ཕྱིས་སུ་རྐང་སྣམ་གྱོན། དེའི་ཐོག་ཏུ་སྐེད་རགས་ཤིག་བཅིངས་ནས་གྲི་བཏགས། ནོར་བུ་གླིང་དང་མཚོ་སྡིངས་སྡིངས་གཉིས་ཀྱི་འབྲོག་པ་ཚོས་གང་ཡག་ཡག་གིས་སྣེ་ལེན་བྱས་སོང་ལ། ཁ་ཟས་དང་ཚོད་མ་དག་ཀྱང་རྫས་སྦྱོར་གྱིས་མ་ལྷད་པ་རྐྱང་རྐྱང་སྤྲད་སོང་བས་བྲོ་བ་དམིགས་བསལ་ཞིག་འདུག མ་གཞི་ང་རང་བགྲོད་མྱོང་བའི་ཧི་མ་ཡ་ལའི་ཡུལ་ལུང་ཁུལ་གྱི་འབྲོག་པ་ཕལ་ཆེ་བས། མགྲོན་པོ་སྣེ་ལེན་གང་ལེགས་བྱས་ཤིང་། རང་བཞིན་གྱིས་སྐད་མགོ་མཐོ་ལ་སྨྲ་བ་དགའ་བོ་ཡོད་པའི་ཚུལ་ཞིག་མཐོང་། མཚོ་སྡིངས་སྡིངས་ཀྱི་འབྲོག་སྡེ་ནས་ཚུར་ནོར་བུ་གླིང་དུ་ལྡོག་ཁར། ངེད་ཚོ་འདུག་སའི་རུ་ནང་གི་བདག་མོ་ཨ་ཅེ་ཉི་མ་བཟང་མོས་ཡོལ་མོའི་འབྲོག་པས་བཟོས་པའི་ཕྱུར་ལེབ་ཁ་ཤས་ཤིག་སྐྱེས་སུ་གནངས། ཁ་སང་གང་ཙམ་ལ་རྐང་ཐང་དུ་བགྲོད་པས་ཚང་མ་བྱང་མ་ཆགས་ཏེ་གོམ་ཁ་ཇེ་མགྱོགས་སུ་གྱུར་འདུག བར་ཐག་དང་ལམ་ཕྲེང་གཅིག་པ་ཡིན་ནའང་དཀའ་སྣང་དེ་ཙམ་མ་བྱུང་བར་ཆུ་ཚོད་གཉིས་དང་ཕྱེད་མཚམས། ཨ་ཕ་སྲི་ཐར་ཚང་དུ་འབྱོར་ཀྱང་ཁོང་ཉིད་རི་ལ་ཆས་འདུག་པས། སེངྒེའི་ནུ་བོ་ལྷག་པ་རྡོ་རྗེས་ཇ་བསྐོལ་ཏེ་དྲངས་བྱུང་།
གསལ་བཤད། འཁྱམ་སྐྱོད་ཟིན་བྲིས་འདི་ཉེ་ལམ་ལས་ཁུངས་ཀྱི་ང་ཡི་བཙན་བྱོལ་བའི་ལས་རིམ་དེ་བལ་ཡུལ་བྱང་རྒྱུད་ཀྱི་ཡོལ་མོ་ཁུལ་དུ་སྐྱོད་སྐབས་བྲིས།
དངོས་གནས་སྐྱིད་པོ་བཤད་ཡོད་ཀི་ཡ།