སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེའུ་ཡོག་དང་ནེའུ་འཇར་སི་རུ་གནས་སྡོད་བྱེད་མཁན་བོད་མི་མང་པོ་ཡོད་པས་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་དེ་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས།
ཟླ་འདིའི་ཕྱི་ཚེས་ ༥ ནས་ ༢༣ བར་ཉིན་གྲངས་བཅོ་བརྒྱད་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནེའུ་མེག་སི་ཁོ་ (New Mexico) རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་འདུག ཕྱི་ཚེས་ ༡༦ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་མངའ་སྡེ་ཁོ་ལོ་ར་ཌོ་ (Colorado) རུ་ཕེེབས་འབྱོར་གྱིས་ཁོ་ལོ་ར་ཌོ་བོད་རིགས་སྤྱི་མཐུན་ཚོགས་པས་སྣེ་ལེན་ཞུས་ཡོད་འདུག
ཉིན་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁོ་ལོ་ར་ཌོ་རུ་ཡོད་པའི་བོད་རིགས་མི་མང་ཚོགས་ཁང་ (Tibetan Community Hall) དུ་ཆེད་ཕེབས་ཀྱིས་བོད་རིགས་མི་མང་ཚོགས་ཁང་གི་དཔེ་མཛོད་ཁང་གསར་པ་དབུ་འབྱེད་གནང་ཞིང་། སྲིད་སྐྱོང་མཆོག་གིས། བོད་དོན་འཐབ་རྩོད་དང་འབྲེལ་བའི་གནད་དོན་གལ་ཆེན་ཁག་ཅིག་འགྲེལ་བརྗོད་གནང་བ་མ་ཟད། བོད་མིའི་སྤྱི་ཚོགས་དབར་མཐུན་སྒྲིལ་དགོས་གལ་ཆེ་བ་དང་། གཞོན་སྐྱེས་རྣམས་ནི་བོད་དོན་འཐབ་རྩོད་ཀྱི་གཞི་རྩ་ཡིན་སྐོར་སོགས་ནན་བརྗོད་གནང་འདུག སྐབས་དེར་ས་གནས་དེའི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ། དེ་བཞིན་ཨ་རིའི་སྲིད་གཞུང་གསར་པའི་འོག་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་ཀྱི་གནས་བབ་སྐོར་དང་འབྲེལ་ནས་ཆུ་ཚོད་གཅིག་རིང་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧྥི་ལ་ཌལ་ཧྥི་ཡའི་གཟའ་མཇུག་སློབ་གྲྭའི་སློབ་མ་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་གལ་གནད་ཐོག་གློག་བརྙན་བསྟན་པ་དང་བརྙན་རིས་བརྒྱུད་གསུང་བཤད་གནང་ཡོད་འདུག་ལ། སློབ་ཕྲུག་རྣམས་ལ་བོད་དོན་སྐོར་གོ་རྟོགས་གཏིང་ཟབ་ཡོང་སླད་དཔེ་དེབ་ཁག་ཅིག་ངོ་སྤྲོད་གནང་འདུག དེ་རྗེས་སྲིད་སྐྱོང་མཆོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཕེབས་ཐོན་གྱིས། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་ཕེབས་བསུ་སྣེ་ལེན་ཞུས་ཡོད་འདུག
སྲིད་སྐྱོང་མཆོག་གིས་བོད་རིགས་ཚོགས་པ་དང་ལྷན་དུ་ཚོགས་འདུ་བསྐོང་ཚོགས་གནང་སྟེ། ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞིའི་གལ་གནད་སྐོར་དང་། ལྷག་པར་དུ་ནེའུ་ཡོག་དང་ནེའུ་འཇར་སི་རུ་གནས་སྡོད་བྱེད་མཁན་བོད་མི་མང་པོ་ཡོད་སྟབས། ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་དེ་ཚད་དང་ལྡན་པའི་ཐོག་ནས་ལག་བསྟར་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་དང་། དེ་བཞིན་ནེའུ་ཡོག་དང་ནེའུ་འཇར་སིའི་གཞོན་སྐྱེས་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་བ་མ་ཟད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ཞུ་གཏུག་གི་ཉིན་མོ་ཞེས་པའི་ལས་གཞི་གོ་སྒྲིག་དེར་རྒྱབ་སྐྱོར་དང་མཉམ་ཞུགས་གནང་དགོས་གལ་ཆེ་སྐོར་སོགས་གསུངས་འདུག སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། ནེའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གཞིས་སྤོས་ཚན་པའི་འབྲེལ་ཡོད་དཔོན་རིགས་མེ་ནུལ་ (Manuel Castro) ལགས། སེར་བྱེས་ནང་པའི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་ཆོས་འཁོར་རིན་པོ་ཆེ་མཆོག ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་རྩིས་དཔོན་ཐོ་མ་སི་ (Thomas DiNapoli) ལགས་ལྷན་ཞུགས་གནང་ཡོད་འདུག ཉིན་དེའི་ཕྱི་དྲོར་ཁོ་ལོ་ར་ཌོ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་དུས་སྟོན་དུ་མགྲོན་འབོད་གནང་བ་ལྟར་ཕེབས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་ཨ་རིའི་རོགས་ཚོགས་ (USAID) ཀྱི་ཨེ་ཤ་ཡ་ལས་ཁུངས་ཀྱི་འཛིན་སྐྱོང་ལས་རོགས་སྐུ་ཞབས་མ་ཧི་ཀལ་ཤི་ཧྥར་ (Michael Schiffer) ལགས་དང་། འཛིན་སྐྱོང་ལས་རོགས་གཞོན་པ་ཨན་ཇི་ལི་ཀཱོར་ (Anjali Kaur) ལགས་རྣམ་གཉིས་གཙོས་པའི་ལས་བྱེད་རྣམས་དང་མཇལ་འཕྲད་གནང་ཡོད་འདུག་ལ། སྐབས་དེར་སྲིད་སྐྱོང་མཆོག་གིས། ཨ་རིའི་རོགས་ཚོགས་ནི་བོད་པའི་སྤྱི་ཚོགས་ལ་ཕན་པའི་ལས་འཆར་དང་ལས་འགུལ་ཁག་ལ་དུས་རྒྱུན་དུ་ནས་རོགས་སྐྱོར་གནང་མཁན་ཞིག་རེད། ལྷག་པར་དུ་བོད་པའི་ཤེས་ཡོན་དང་། འཕྲོད་བསྟེན། རིག་གཞུང་རྒྱུན་འཛིན་སོགས་ཀྱི་ཆེད་དུ་མཐུན་འགྱུར་མུ་མཐུད་གནང་མུས་རེད། ཚོགས་འདུའི་ཐོག་ཨ་རིའི་རོགས་ཚོགས་བརྒྱུད་མཐུན་འགྱུར་གནང་བཞིན་པའི་ལས་འཆར་ཁག་གི་སྐོར་ལ་བགྲོ་གླེང་གནང་གྲུབ་ཟིན་རྗེས་སྲིད་སྐྱོང་མཆོག་གི་ཝ་ཤིང་ཊོན་ཌི་སིའི་མཛད་འཆར་ཁག་མཇུག་སྒྲིལ་འདུག
ཕྱི་ཚེས་ ༡༢ ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་འཛིན་སྐྱོང་དང་ཐོན་ཁུངས་ལྷན་ཁང་གི་དྲུང་གཞོན་སྐུ་ཞབས་རི་ཆར་ཌི་ (Richard R. Verma) མཆོག་དང་མཇལ་འཕྲད་ཀྱིས་སྐུ་ཞབས་རི་ཆར་ཌི་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་དང་འབྲེལ་ཉེ་ལམ་༧མགོན་པོ་གང་ཉིད་ཀྱི་ཞབས་པུས་སྨན་བཅོས་སྐོར་ལ་གླེང་སློང་གནང་བ་མ་ཟད། ཁོང་ཉིད་དེ་སྔ་ཨ་རིའི་རྒྱ་གར་གཞུང་ཚབ་ཀྱི་ལས་ཡུན་སྐབས་རྒྱ་གར་དུ་ཕེབས་མྱོང་ཡོད་པས་བོད་དོན་ཐོག་གོ་རྟོགས་ཡོད་སྐོར་སོགས་གསུངས་འདུག
ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ (Thomas Jefferson) ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་ཚན་པར་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་དེབ་གྲངས་ ༢༢༣ ལེགས་སྐྱེས་སུ་འབུལ་བཞེས་ཀྱི་མཛད་སྒོར་ཆེད་ཕེབས་ཀྱིས། བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་གོང་འཕེལ་ཆེད་བཅོས་མའི་རིག་རྩལ་གྱི་གལ་གནད་སྐོར་ངོ་སྤྲོད་གནང་ཡོད་འདུག དེ་རྗེས་སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་དང་མཇལ་འཕྲད་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་ཐོག་གླེང་མོལ་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།