ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་ཕྱི་འབྲེལ་མགྲིན་ཚབ་པ། དེ་བཞིན་ཧྥ་རན་སི་དང་ཐའེ་ཝན་སོགས་ཀྱི་སྲིད་འཛིན་དང་སྲིད་བློན་རྣམ་པས་བོད་ནང་ས་ཡོམ་གོད་ཆག་ཆེན་པོ་བྱུང་བར་གདུང་སེམས་མཉམ་སྐྱེད་གནང་འདུག
ཁ་སང་བོད་གཞིས་ཀ་རྩེ་དིང་རི་རྫོང་སོགས་རྫོང་ཁག་གསུམ་ནང་ས་ཡོམ་གོད་ཆག་ཆེན་པོ་བྱུང་བར་འཛམ་གླིང་ས་ཕྱོགས་གང་ས་ནས་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་ཞུ་བཞིན་ཡོད་པ་ལྟར། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་མཆོག་གིས་ཨེག་སི་སྤྱི་ཚོགས་དྲ་ལམ་སྟེང་། གྲང་ངར་ཆེ་བའི་དུས་སྐབས་འདིར་བོད་ཀྱི་ལྷོ་ཕྱོགས་ཁུལ་གྱི་ས་ཡོམ་ཁྲོད་རྐྱེན་འདས་དང་། རྨས་སྐྱོན། གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་གཙོས་གནོད་འཚེ་ཐེབས་མཁན་རྣམས་དང་ལྷན་དུ་ཡོད་ལ། གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག་ལ། ཨ་རིའི་ཕྱི་འབྲེལ་མགྲིན་ཚབ་སྐུ་ཞབས་མེ་ཐི་ཝུ་མེ་ལར་(Matthew Miller) ལགས་ཀྱིས། ཨ་རི་གཞུང་གིས་ས་ཡོམ་གྱི་གནོད་འཚེ་ཐེབས་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་སྐོར་སོགས་གསུངས་འདུག
ཧྥ་རན་སིའི་སྲིད་བློན་མེག་ཁོན་མཆོག་གིས། བོད་ནང་ས་ཡོམ་གྱི་རྐྱེན་གྱིས་འཆི་སྐྱོན་བྱུང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་གནོད་འཚེ་ཐེབས་མཁན་ཡོངས་ལ་རོགས་རམ་བྱ་རྒྱུ་གྲ་སྒྲིག་ཡིན། ཞེས་དང་། ཐའེ་ཝན་གྱི་སྲིད་འཛིན་སྐུ་ཞབས་ལེ་ཆིན་ཏི་མཆོག་གིས། ང་ཚོ་ས་ཡོམ་གྱི་ཁྲོད་ནས་གནོད་འཚེ་ཐེབས་མཁན་ཡོངས་དང་། བོད་མི་ཚོ་དང་ལྷན་དུ་ཡོད། ང་ཚོས་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ནང་མིར་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་དང་། གནོད་འཚེ་ཐེབས་ཁུལ་དུ་མྱུར་སྐྱོབ་དང་རོགས་འདེགས་ཀྱི་མཐུན་རྐྱེན་སྦྱར་ཏེ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་འདུག
དེ་བཞིན་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར་(Randhir Jaiswal) ལགས་ཀྱིས། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་ཁུལ་དུ་ས་ཡོམ་གྱིས་མི་རྒྱུ་གཉིས་ལ་གོད་ཆག་པར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ང་ཚོའི་སྨོན་ལམ་ནི་ཤི་རྨས་ཐེབས་མཁན་རྣམས་ཀྱི་ནང་མི་དང་ལྷན་དུ་ཡོད། ཅེས་གསུངས་འདུག རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། བོད་བལ་མཐའ་མཚམས་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་ཤུགས་ཆེན་བྱུང་བར་སྐྱོ་སྣང་ཆེན་པོ་བྱུང་། ཚེ་སྲོག་ཤོར་བ་དང་རྒྱུ་ནོར་ལ་གཏོར་སྐྱོན་བྱུང་བ་སེམས་ནས་བཟོད་ཐབས་བྲལ་བ་ཞིག་རེད། ངས་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ནང་མི་དང་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་། འདས་པོ་རྣམས་ལ་བདེ་བར་གཤེགས་པའི་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་འདུག
ད་བར་བོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་ཁོངས་སུ་ས་ཡོམ་ཤུགས་ཚད་ ༧ ཙམ་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་མ་ཟད། ཁང་པ་དང་གཞུང་ལམ་སོགས་ལ་རྡིབ་སྐྱོན་བྱུང་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པའི་ཁྲོད། ཉུང་མཐར་མི་གྲངས་ ༡༢༦ རྐྱེན་འདས་དང་ཉུང་མཐར་མི་ ༡༨༠ ལ་རྨས་སྐྱོན་ཐེབས་ཡོད་པ་དང་། ཁང་པ་ ༣༦༠༩ ལྷག་ལ་རྡིབ་སྐྱོན་བྱུང་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།