དེ་རིང་༧གོང་ས་མཆོག་གིས་བྱེས་ཀྱི་གདན་ས་བཀྲཤིས་ལྷུན་པོ་ནས་རྣམ་གྲོལ་གླིང་བཙུན་དགོན་གྱི་མཁན་མོ་ཐོན་རིམ་རྣམས་ལ་མཇལ་ཁ་སྩལ་སྐབས། ཁ་ཙམ་མིན་པར་ལག་ལེན་གྱི་ཐོག་ནས་སངས་རྒྱས་བསྟན་པ་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པའི་བཀའ་སློབ་བསྩལ།
སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བཙུན་མའི་སྤྱི་ཚོགས་ཀྱི་ཐོག་ནས་ཤེས་ཡོན་སོགས་ཀྱི་ཐོག་ལ་ཞབས་འདེགས་ཁྱད་ཆོས་ལྡན་པ་བསྒྲུབ་རྒྱུ་གཏན་གཏན་ཡོང་ཐུབ་ཀྱི་རེད། གཟབ་གཟབ་བྱོས་ཨ། ང་རང་ཚོ་ཚང་མས་ཁ་ནས་སངས་རྒྱས་ཀྱི་བསྟན་པ་ཞེས་བཤད་བསྡད་ཀྱི་ཡོད་རེད། སོ་སོ་རང་ཉིད་བཙུན་མ་ཞིག་ཡིན་པའི་ཆ་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཞབས་འདེགས་སྒྲུབ་ཐུབ་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་ལ་ཕན་གྱི་ཡོད། སོ་སོའི་ལག་ལེན་གྱི་ཐོག་ནས་གང་ཡང་མེད་པར་ཁ་ནས་བསྟན་པ་རྒྱས་པར་ཤོག་ཟེར་བ་དེ་འཁྲབ་བཞག་པ་ཞིག་ལས་གས་མི་འདུག་གཱ ཚང་མས་ཧུར་ཐག་བྱོས་ཨ། ཅེས་གསུངས་འདུག
ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་ཡིན་པའི་ངོས་ནས་གཉིད་སད་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་པ་སོགས་ཀྱི་ཐོག་ནས་བསྟན་པའི་ཞབས་འདེགས་བསྒྲུབ་བསྡད་ཀྱི་ཡོད། ཁྱེད་རང་ཚོས་ཀྱང་དེ་དེ་བཞིན་ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམས། དགེ་ཚུལ་མ་ཞིག་ཡིན་པའི་ཆས་ནས་བསྟན་པའི་ཞབས་འདེགས་བསྒྲུབ་ཀྱི་ཡོད་བསམས་པ་ཞིག་བྱས་ན། དཔེ་ཡག་པོ་ཡོང་གི་འདུག ཅེས་གསུངས་འདུག
དེ་བཞིན་དེ་རིང་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། གཞུང་ཞབས་ཟུར་བ་ཁག་ཅིག་དང་། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་། ཨ་རི། སོག་ཡུལ། རྟ་དབང་། གཞན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལོ་ན་རྒན་པ་གྲངས་ ༤༥༠ ལྷག་ལ་མཇལ་ཁ་སྩལ་ཡོད་ཅིང་། མཇལ་ཞུ་བའི་ཁྲོད་ནས་གཞུང་ཞབས་ཟུར་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ། དེ་རིང་བོད་གཞུང་གི་གཞུང་ཞབས་བགྲེས་ཡོལ་དུ་བཞུགས་མཁན་གྲངས་ ༢༠ ལ་བསྐལ་བཟང་གི་མཇལ་ཁ་ཞིག་ཐོབ་པས་སེམས་པ་སྐྱིད་པོ་བྱུང་ཡོད་ཅིང་། ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བོད་མི་དགུང་ལོ་བགྲེས་པོ་མང་པོ་ཞིག་གནས་སྡོད་བྱེད་མུས་ཡིན་པས། ད་ལན་བགྲེས་སོང་མང་པོ་ཞིག་ལ་མཇལ་ཁ་ཐོབ་མུས་ཡིན་པ་ནི་ཆེས་དགའ་འོས་པ་ཞིག་ཡིན་སྐོར་སོགས་བརྗོད་བྱུང་།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།